ལིག་ཉིང་གིས་གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་སྐབས་ཀྱི་ལས་རེས་མི་སྣར་གཟིགས་ཞིབ་དང་འཚམས་འདྲི་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས1ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་སྤྱི་ཁྱབ་ལས་རེས་ཁང་དང་། ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གི་གཞུང་དོན་འཛིན་གྲྭ། སྲུང་སྐྱོབ་ཁྲུའུ་སོགས་སྡེ་ཁག་གི་ལས་རེས་པར་གཟིགས་ཞིབ་དང་འཚམས་འདྲི་གནང་ནས། གནམ་ལོ་གསར་ཚེས་ཀྱི་གུང་གསེང་སྐབས་ཀྱི་ལས་གནས་བརྟན་སྲུང་བྱེད་མཁན་ལས་དོན་མི་སྣར་ལོ་གསར་གྱི་སྨོན་འདུན་དང་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།

ཞིང་ཆེན་སྲིད་གཞུང་གི་སྤྱི་ཁྱབ་ལས་རེས་ཁང་དུ་ལིག་ཉིང་གིས་ལས་རེས་ཁང་གི་ལས་གནས་རེས་མོས་དང་འཕྲལ་སྡོམ་ཐག་གཅོད་ཀྱི་བརྒྱུད་རིམ་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་བཀའ་འདྲི་གནང་ནས། སྤྱི་ཁྱབ་ལས་རེས་ཁང་གི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད། ལིག་ཉིང་གིས་འཕྲལ་སྡོམ་ལས་རེས་ཀྱི་འགན་འཁྲི་ལྕི་བས་ཞིང་ཆེན་སྲིད་གཞུང་གི་ལས་རེས་ཁང་གིས་འཕྲལ་སྡོམ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་འགག་རྩའི་ནུས་པ་འདོན་སྤེལ་བཟང་པོ་བྱས་ཏེ། ནན་ཏན་གྱིས་ལས་རེས་ལས་དོན་སྒྲུབ་རྒྱུ་དང་མཛེས་ལྗོངས་ཁུལ་དང་། ཐང་ཆེན། ཚོང་ཁང་སོགས་མི་ཚོགས་མང་བའི་ཁུལ་ལ་ལྟ་སྐུལ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱབ་ནས་དུས་ཐོག་ཏུ་འཕྲལ་སྡོམ་ཐག་གཅོད་ཡུལ་དངོས་སུ་འབྱོར་བའི་འགན་ལེན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་གསུངས་པ་རེད།

དེའི་རྗེས་ལིག་ཉིང་གིས་སྲིད་གཞུང་གཞུང་དོན་ཐིང་གཞུང་དོན་འཛིན་གྲྭ་དང་འགན་སྲུང་ཁྲུའུ་ཡི་ལས་དོན་མི་སྣ་དང་ལས་རེས་བྱེད་བཞིན་པའི་དྲག་ཆས་ཉེན་རྟོག་དཔོན་དམག་ཚོར་གཟིགས་ཞིབ་དང་ལོ་གསར་ལ་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་པ་མ་ཟད། ཁོང་ཚོའི་ནང་མི་ལ་ཡང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། ལིག་ཉིང་གིས་འདས་ཟིན་པའི་ལོ་གཅིག་གི་ནང་ཚང་མས་གྲང་ངར་དང་ཚ་གདུག་ལ་མ་འཛེམ་པར་ཧུར་ཐག་འབད་ཐག་གིས་དྭངས་གཙང་དང་བདེ་འཇགས་ཀྱི་ལས་ཀའི་ཁོར་ཡུག་ཅིག་སྐྲུན་ཏེ། གཞུང་དོན་ཐིང་གི་གཞུང་དོན་གྲུབ་འབྲས་ལྡན་པའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད། ཚང་མས་བློས་བཏང་པ་དེ་མིག་མཐོང་ལག་ཟིན་ཡིན་པས་ང་ཚོས་སེམས་སུ་བརྟན་པོར་བཟུང་ཡོད། བདེ་སྲུང་སྐྱོང་བྱ་རྒྱུ་ནི་བྱ་བ་ཆེ་ཤོས་ཤིག་ཡིན་པས། དུས་རབས་གསར་པར་བྱས་རྗེས་གསར་པ་འཇོག་དགོས། ཚང་མས་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་འབད་པ་ལྷུར་ལེན་གྱིས་ལས་ཀ་དང་འཚོ་བ་གཅིག་གྱུར་འཆར་འགོད་ཀྱིས་བཀོད་སྒྲིག་ཡག་པོ་བྱེད་པ་དང་། སྔར་བཞིན་རང་འགན་ལས་དོན་ཡག་པོ་སྒྲུབ་པ། བྱང་ཚད་མཐོ་བ། དོ་དམ་གནད་ལ་འཁེལ་བ། ཞབས་ཞུ་གནད་ལ་འཁེལ་བ་བཅས་ཀྱི་གཟུགས་བརྙན་བཟང་པོ་འཛུགས་པ་བཅས་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་ལ་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་རེ་བ་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།