མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ལུགས་གསར་ལོ་སར་གྱི་ཇ་སྟོན་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ལུགས་གསར་ལོ་སར་གྱི་ཇ་སྟོན་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རིན་ཆེན་རྒྱལ། ཞིང་ཆེན་སྲིད་གྲོས་སྐབས་བཅུ་བའི་ཀྲུའུ་ཞི་པདྨ་བཅས་ཚོགས་འདུར་ཞུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། དམངས་གཙོའི་ཏང་ཁག་སོ་སོ། བཟོ་ཚོང་མཉམ་འབྲེལ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་སོ་སོ་བཅས་ཀྱི་ཚབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་བཟོ་བ་དང་རོང་འབྲོག་མང་ཚོགས། ཤེས་ཡོན་ཅན། རིགས་སོ་སོའི་ལས་བྱེད་མང་ཚོགས། མཚོ་སྔོན་དུ་སྡོད་པའི་མི་དམངས་བཅིངས་འགྲོལ་དམག་གི་འཐབ་ཇུས་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེ་ལས་བྱེད་མི་སྣ། ཞིང་ཆེན་ཡོངས་ཀྱི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་བློ་མཐུན་རྒན་པ་དང་མཚོ་སྔོན་གསར་འཛུགས་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་མཁན་གྱི་ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་མི་སྣ་བཅས་ཚང་མ་ལ་འཚམས་འདྲི་བྱས་ཏེ། ཁོ་ཚོ་ལ་ལོ་གསར་གྱི་ཁ་གཡང་དྲོན་མོ་བོས།

ཝང་ཅན་ཅུན་གྱིས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་རེད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དགའ་སྟོན་གྱི་མཛད་སྒོ་བསུས་པ་དང་འཕེལ་རྒྱས་ལ་སྐུལ་འདེད། བརྟན་འཇགས་སྲུང་སྐྱོབ། འཆམ་མཐུན་ཡོང་བ་བྱ་རྒྱུ་བཅས་གཙོ་གནད་དུ་བཟུང་སྟེ། འཚོ་བ་ཧ་ཅང་ཕུན་སུམ་ཚོགས་པ་དང་བློ་བརྟན་འགྱུར་མེད་ཀྱིས་ལས་དོན་ཁག་གི་རྣམ་པ་གསར་པ་བཏོད་ཡོད། འདས་པའི་ལོ་གཅིག་གི་རིང་ལ། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་། སྒྲིག་གཞི་བཅོས་སྒྱུར་གྱི་ལས་འགན་གལ་ཆེན་ཁྱོན་ཡོངས་ནས་སྒྲུབ་པ། སྲིད་ཇུས་དོན་འཁྱོལ་ལོ་དང་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལོར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་པས། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་སྐྲུན་གྱི་སྙིང་སྟོབས་ཆེ་རུ་ཕྱིན་ཡོད། ང་ཚོས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་གྲུབ་འབྲས་ལྡན་པའི་ངང་གཉེར་བ་དང་། དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དུ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ང་ཚོར་སྐུལ་ལྕག་ཆེན་པོ་གནང་བ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་གྱིས་ལས་རྣམ་གསར་བ་བཏོད་པ། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱས་པ། སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ཡོད་ཚད་ཀྱི་སྔོན་ལ་འགྲོ་བར་བྱས་པ་དང་ལྗང་མདོག་འཕེལ་རྒྱས་ལ་གོ་སྐབས་གསར་བ་བྱིན་ཡོད། ང་ཚོས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། མཐོ་སྒང་གི་མཛེས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་འགོ་ཚུགས་པ། ནུས་ཁུངས་དག་གཙང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ། སྐྱེ་ཁམས་དང་འཁོར་སྐྱོད། གཞི་གྲངས། ས་ཁོངས་ལས་བརྒལ་བ་བཅས་ཀྱི་དཔལ་འབྱོར་རྣམ་པ་བཞི་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གོམ་སྟབས་གསར་བ་སྤོས་ཡོད། ང་ཚོས་དབུལ་བོ་དབུལ་རྐྱང་རྩ་བའི་ཆ་ནས་མེད་པར་གཏོང་བའི་ལས་དོན་བཟང་བོར་བསྒྲུབས་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད། རྫོང་དང་གྲོང་ཁྱེར། ཆུའུ་བཅས་ཉེར་གསུམ་གྱིས་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་དཔེ་སྟོན་ས་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མདུན་ལྗོངས་ཡངས་པོར་ཕྱེས་པ་དང་སྤུས་ཚད་མཐོ་བའི་འཚོ་བར་གྲུབ་འབྲས་གསར་པ་ཐོབ་ཡོད། ང་ཚོས་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ལྡན་ལྔ་བརྒྱའི་མཐོ་རིམ་གླེང་སྟེགས་གྲུབ་འབྲས་ལྡན་པའི་ངང་སྤེལ་བ་དང་། མཛེས་པའི་མཚོ་སྔོན་རྒྱལ་ཡོངས་དང་འཛམ་གླིང་ལ་ཁ་ཕྱོགས་པར་འབད་དེ། མཚོ་སྔོན་གྱི་རྣམ་པ་གསར་བ་མངོན་ཅི་ཐུབ་བྱས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་ལས་དོན་ལ་ཐུགས་ཁུར་ཟབ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར། རྒྱལ་ཁབ་པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་སོ་སོ། ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་མི་སྣ་བཅས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་ཀྱང་ཡིན་པས། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་ཚད་ཁྱོན་ཡོངས་ནས་མངོན་འགྱུར་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་བ་འཕེལ་རྒྱས་གཏོང་བ། བརྒྱ་ལོ་གཉིས་ཀྱི་ འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ། ལྔ་བཞིའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་བསྐྲུན་པར་འབད་འབུངས་བྱེད་དགོས་ཟེར།

ཇ་སྟོན་གྲོས་ཚོགས་སྟེང་དུ། ཝང་ཅན་ཅུན་དང་ལིག་ཉིང་སོགས་འགོ་ཁྲིད་རྣམས་ལས་རིགས་ཁག་གི་མི་སྣའི་ཁྲོད་སོང་ནས་མཉམ་དུ་ལག་འཇུ་བྱས་ཏེ།  ཕན་ཚུན་ལ་འཚམས་འདྲི་དང་མཉམ་དུ་ལོ་གསར་ལ་སྨོན་འདུན་ཞུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིག་ཐུང་ཏི་ཡིས། ཏང་ཁག་སོ་སོའི་ཚོགས་པ་དང་རིགས་སོ་སོའི་མི་སྣའི་ཚབ་བྱས་ཏེ་གཏམ་བཤད་བྱས། རིག་རྩལ་འཁྲབ་སྟོན་མི་སྣས་ལྟད་མོ་ཡག་པོ་བསྟན།

ཟི་ལིང་ན་ཡོད་པའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་དམག་ཁུལ་གྱི་འགོ་ཁྲིད་བཅས་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་འགན་ཁུར་བློ་མཐུན། ཟི་ལིང་ན་ཡོད་པའི་ཞིང་ཆེན་རིམ་པའི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་བློ་མཐུན་རྒན་པ། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ། མི་དམངས་ཚོགས་པ་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས། ཟི་ལིང་གྲོང་ཁྱེར་སྲིད་གྲོས་ཀྱི་འགན་ཁུར་བློ་མཐུན། ཟི་ལིང་ན་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས། མཚོ་སྔོན་གྱི་བྱས་རྗེས་འབུར་ཐོན་ཅན་གྱི་ཆེད་མཁས་པ་དང་མཁས་པའི་འཐུས་མི། རྒྱལ་ཡོངས་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་ཕུལ་བྱུང་འཛུགས་སྐྲུན་པའི་མཚན་སྙན་བཞེས་མཁན་དང་། རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་གྱི་འཐུས་མི་སོགས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།