མ་ཅི་ཞོ་ཀོང་ཏུང་ལ་སོང་ནས་མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་དང་ཀོང་ཏུང་གི་འཐེན་ཐུག་ལས་རིགས་རྩལ་ནུས་འགྲན་སྡུར་གྱི་སྔོན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མ་ཅི་ཞོ་ཀོང་ཏུང་ལ་སོང་ནས་མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་དང་། མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་གཉེར་མཁན་གྱི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་བྱས།

མ་ཅི་ཞོ་ཡིས་ཀོང་ཏུང་སྤྱིའི་བཟོ་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་གཉེར་མཁན་གྱི་འཐུས་མི། འཐེན་ཐུག་དཔལ་འབྱོར་ཞབས་ཞུ་ལས་སྒྲུབ་ཁང་གི་ལས་བཟོ་བ་བཅས་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས། ཁོས་ནན་གྱིས་བསྟན་དོན། འཐེན་ཐུག་ཐོན་ལས་ཀྱི་རིམ་པ་སྔར་ལས་འཕེལ་རྒྱས་སུ་འགྲོ་བ་དང་བསྟུན་ནས། ལས་གཉེར་བ་རྣམས་ཀྱིས་བློ་གཅིག་སེམས་གཅིག་གིས་ཚོང་གཉེར་བྱ་དགོས་ལ། ཁྲིམས་སྲུང་ཚོང་གཉེར་དང་ཡིད་རྟོན་ཚོང་གཉེར། གསར་སྐྲུན་ཚོང་གཉེར། མཉམ་ལས་ཚོང་གཉེར་བཅས་བྱེད་ཐུབ་དགོས། མཐུན་སྒྲིལ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་རིགས་སོ་སོའི་མི་དམངས་མང་ཚོགས་ཐུན་མོང་དར་རྒྱས་སུ་འགྲོ་བར་བྱས་རྗེས་འཇོག་དགོས། དུས་རབས་གསར་བའི་གསར་སྐྲུན་གྱི་གོམ་སྟབས་དང་བསྟུན་ནས། མིས་བཟོས་རིག་ནུས་དང་ཁུལ་ཁོངས་འབྲེལ་མཐུད། སྤྲིན་སྟེགས་ཞབས་ཞུ་བཅས་ལག་རྩལ་གསར་བའི་རིགས་དང་དམ་འབྲེལ་བྱས་ནས། མཉམ་འབྲེལ་དྲ་རྒྱ་ལ་བརྟེན་ནས་ཐོལ་བརྒལ་གསར་བ་འཚོལ་ཞིབ་བྱེད་དགོས། མཚོ་སྔོན་གྱི་སྣང་བརྙན་གསར་བ་གསར་སྐྲུན་བྱས་ནས། ཕ་ཡུལ་ལ་དགའ་བ་དང་། ཀོང་ཏུང་ལ་དགའ་བ། སྒྲིག་ཁྲིམས་ནན་སྲུང་བྱེད་པ། སྣང་བརྙན་ཡག་པོ་བཟོ་བ་བཅས་བྱས་ནས། མཛེས་པའི་མཚོ་སྔོན་གྱི་དྲིལ་སྒྲོག་པ་བཟང་པོ་ཞིག་བྱེད་དགོས། དུས་རབས་གསར་བའི་དྲིན་གཟོའི་འདུ་ཤེས་ཅན་གྱི་མི་ཞིག་ཆགས་པར་འབད་པ་བྱས་ནས། དྲིན་གཟོའི་སེམས་པ་ཡིས་སྤྱི་ཚོགས་དང་མི་དམངས་ལ་དྲིན་ལན་མཇལ་ཏེ། རང་ཉིད་འདུག་སའི་ས་ཁུལ་ལ་བྱས་རྗེས་འཇོག་དགོས། ཡིད་ཆེས་ལ་བརྟེན་ནས་མིང་རྟགས་བསྐྲུན་པ་དང་། དཀའ་སྤྱད་འབད་འཐབ་ཀྱི་འཐེན་ཐུག་ལས་གཉེར་པའི་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས། འཐེན་ཐུག་མིང་རྟགས་ཀྱི་དོན་སྙིང་ཕུན་སུམ་ཚོགས་པར་བཏང་ནས། ས་གནས་མང་ཚོགས་ཀྱི་དགའ་ཕྱོགས་དང་འཚམ་པའི་འཐེན་ཐུག་ལས་གཉེར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།