མཚོ་སྔོན་ཞིང་ཆེན་དམངས་ཆེན་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་འཐུས་མིའི་བསམ་འཆར་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས30ཉིན་མཚོ་སྔོན་ཞིང་ཆེན་དམངས་ཆེན་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་འཐུས་ཚོགས་ཀྱི་འཐུས་མིའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། ཞིང་ཆེན་དམངས་ཆེན་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རོང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཀའོ་ཧྭ། ཀྲུའུ་རེན་གཞོན་པ་ཝུའུ་ཧའེ་ཁོན་དང་ལིག་ཏི་བཅས་ཚོགས་འདུར་ཞུགས་པ་རེད། ལིག་ཏི་ཡིས་ཚོགས་འདུར་འགོ་འཛིན་བྱས་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲོན་གྱིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གཏམ་བཤད་གནང་བ་རེད།

ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་ཆེན་འཐུས་ཚོགས་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་འབྲེལ《མཚོ་སྔོན་ཞིང་ཆེན་དམངས་ཆེན་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིས་གྲོས་གཞི་འདོན་པ་དང་ལས་གཉེར་སྤུས་ཚད་ཇེ་མཐོར་གཏོང་བའི་སྐོར་གྱི་བསམ་འཆར》དང་། 《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་ལས་གཉེར་ལས་དོན་གྱི་གདེང་འཇོག་བྱ་ཐབས(ཚོད་ལྟའི་ལག་བསྟར)》ཀྱི་ནང་དོན་གཙོ་བོའི་ཐད་གསལ་བཤད་བྱས་པ་རེད། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་། ཟི་ལིང་གྲོང་ཁྱེར་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་དམངས་ཆེན་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བ་དང་དེ་བཞིན་ཞིང་ཆེན་དམངས་ཆེན་འཐུས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་གཏམ་བཤད་སྤེལ་བ་རེད། 

ཀྲང་ཀོང་རོང་གིས་འཐུས་མིའི་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་པ་ནི་དམངས་ཆེན་འཐུས་ཚོགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་བྱས་ཏེ་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་བླང་བྱ་བཅས་ཡིན་པས་འཐུས་མིའི་གྲོས་འགོའི་ལས་དོན་གྱི་ཁྱད་ཆོས་དང་། ནང་དོན། གལ་ཆེའི་རང་བཞིན་བཅས་ངོས་འཛིན་གཏིང་ཟབ་དང་ཡང་དག་པར་ཁོང་དུ་ཆུད་པ་བྱ་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།