མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང7གྱིས་མང་དུ་ཕྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཚོད་ལྟའི་འཛུགས་སྐྲུན་བྱས་པའི་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང158ལ་ཞིབ་བཤེར་རྩིས་ལེན་བྱས་པ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཞིབ་བཤེར་རྩིས་ལེན་བྱ་རྒྱུར་ཕུལ་བའི་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནན་མིན་འགག་དང་། ཏུའུ་ལེན་ཨ་ལ་ཁི་ཧུའུ། གཏེར་ལེན་ཁའི་སྐར་མཚོ། རྨ་སྟོད་དུང་དཀར་མཚོ་ནག  མདོ་ལའི་ནག་ཆུ་ཆུ་འགོ། ཝུའུ་ལན་ཏུའུ་ལན་མཚོ། ཡུལ་ཤུལ་དཔལ་ཐང་མཚེའུ་བཅས་ཀྱི་ས་ཁུལ་བདུན་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་མིང་གྲལ་དུ་ཚུད་ནས། དངོས་སུ་“རྒྱལ་ཁབ་འདམ་རའི་སྤྱི་གླིང”དུ་གྱུར་ཡོད་པ་རེད། ད་བར་དུ། མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་10ཡོད་པ་རེད།

 མཚོ་སྔོན་ཞིང་ཆེན་གྱི་འདམ་རའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི814.36ཡོད་ཅིང་། དེས་རྒྱལ་ཡོངས་ཀྱི་འདམ་ར་སྤྱིའི་རྒྱ་ཁྱོན་གྱི15.19%ཟིན་ཡོད་པས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། མིག་སྔའི་བར་རྒྱལ་ཁབ་ཀྱིས་ཆོག་མཆན་སྤྲད་ནས་འཛུགས་སྐྲུན་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང19ཡི་ཁྲོད་ཀྱི་ས་ཁུལ10ལ་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་པ་དང་། འདམ་ར་སྤྱི་གླིང་གི་སྲུང་སྐྱོབ་རྒྱ་ཁྱོན་སྤྱི་ཆིང་ཁྲི32.51ལ་སླེབས་ཡོད། མཚོ་སྔོན་པོའི་བྱ་གླིང་དང་། མཚོ་སྐྱ་རེངས། མཚོ་སྔོ་རེངས་བཅས3ལ་རྒྱལ་སྤྱིའི་འདམ་ར་གལ་ཆེན་དུ་ངོས་འཛིན་བྱ་རྒྱུའི་རེ་ཞུ་བྱས་ཤིང་དེའི་སྲུང་སྐྱོབ་རྒྱ་ཁྱོན་སྤྱི་ཆིང་ཁྲི16.72ལ་སླེབས་ཡོད། རྒྱལ་ཁབ་རིམ་པའི་འདམ་ར་གལ་ཆེན་17དང་སྲུང་སྐྱོབ་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་219.86ཡོད། ཞིང་ཆེན་རིམ་པའི་འདམ་ར་གལ་ཆེན་32དང་སྲུང་སྐྱོབ་རྒྱ་ཁྱོན་སྤྱི་ཆིང་ཁྲི215.1ཟིན་ཡོད། ལོ5ཡི་རིང་འཛུགས་སྐྲུན་བྱས་པ་བརྒྱུད་འདམ་རའི་སྤྱི་གླིང་ཁག་གི་སྐྱེ་ཁམས་མ་ལག་ལ་ཕན་ནུས་ལྡན་པའི་སྲུང་སྐྱོང་ཐོབ་པ་དང་། འདམ་རའི་ཆུའི་སྤུས་ཚད་ཀྱི་དམིགས་ཚད་ཁག་རྒྱུན་འཁྱོངས་བཟང་པོ་ཐུབ་ལ། འདབ་ཆགས་དང་དེ་བཞིན་ཆུ་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་ཇེ་མང་དུ་ཕྱིན་པ་དང་། འདམ་ར་ཞན་འགྱུར་ལ་སྲུང་སྐྱོབ་སླར་གསོའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།