དེ་ཡང2019ལོའི《མིརིགས་ཀྱི་རྩོམ་རིག》གི་དུས་དེབ་ཆ་ཚང་པར་བསྐྲུན་འགྲེམ་སྤེལ་གྲུབ་ནས་ལོ་འདི་ཉིད་ཀྱི་བརྩམས་ཆོས་དང་འགྱུར་ཆོས་མཐའ་དག་ལ་སྤྱི་སྡོམ་ཚང་རྩིས་རྒྱག་པའི་དོད་དུ། 2019ལོའི་ལོ་འཁོར་བྱ་དགའ་ཡི་དཔྱད་འདེམས་ལས་ཀ་ཟླ་བཅུ་གཅིག་པ་ནས་དབུ་བརྩམས་ཏེ་དཔྱད་འདེམས་སྔ་མ་གྲུབ་པ་དང་། ད་ལོའི་དཔྱད་འདེམས་པ་ལོ་ཙཱ་བ་འཇམ་དབྱངས་དར་རྒྱས་ལགས་དང་བརྩམས་སྒྲུང་པ་ལྷ་བྱམས་རྒྱལ་ལགས་གཉིས་ཀྱིས་ཟླ་གཅིག་རིང་གི་དཔྱད་འདེམས་གང་ལེགས་ཀྱིས་བགྲོ་གླེང་གདམ་གསེས་དང་དགོངས་འཆར་གྲོས་མོལ་མཛད་པའི་མཐར། 2019ལོའི《མི་རིགས་ཀྱི་རྩོམ་རིག》ལོ་འཁོར་བྱ་དགའ་ཐོབ་པའི་རྩོམ་པ་པོ་དང་བརྩམས་ཆོས། ལོ་ཙཱ་བ་དང་འགྱུར་ཆོས་ཀྱི་མཚན་ཐོ་བདམས་ཐོན་བྱུང་བ་གཤམ་དུ་གསལ་བསྒྲགས་སྤེལ་བ་འདི་ལྟར་རོ།།
ལྷམ་ཀོག(དགེ་འདུན་ལྷུན་གྲུབ།) 《སྐྱོ་སྐྱོ》
ནག་པོ།(དགའ་བདེ་ཚེ་རིང་།) 《སྒྲུང》
བསམ་ཤོད་པ་དཀོན་ཅོག་ཡོན་ཏན། 《རླུང་འདྲེན་ཟིན་ཐོ》
བསོད་ནམས་འཚོ། 《སྤུན་ཟླ་ཡིང་ཝུའུ》
འདི་གར་བྱ་དགའ་ཐོབ་པའི་གོང་གསལ་རྩོམ་པ་པོ་དང་ལོ་ཙཱ་བ་བཞི་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག ཆོལ་ཁ་གསུམ་གྱི་རྩོམ་པ་པོ་དང་ལོ་ཙཱ་བ་ལྷན་རྒྱས་ཀྱིས་སླད་མར་ཡང《མི་རིགས་ཀྱི་རྩོམ་རིག》གི་བྱ་གཞག་ལ་རྒྱབ་སྐྱོར་རོགས་དན་གནང་རྒྱུའི་རེ་བཅོལ་དང་བཅས།
《མི་རིགས་ཀྱི་རྩོམ་རིག》རྩོམ་སྒྲིག་ཁང་ནས།
སྤྱི་ལོ2019ལོའི་ཟླ12པའི་ཚེས27ཉིན་ལ།
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
2019ལོའི《མི་རིགས་ཀྱི་རྩོམ་རིག》དུས་དེབ་ཀྱི་ལོ་འཁོར་བྱ་དགའི་གསལ་བསྒྲགས།