མཚོ་སྔོན་ཞིང་ཆེན་གྱི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རིག་གནས་ཡུལ་སྐོར་བྱ་འགུལ་སྤེལ་མགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“མཚོ་སྔོན་ཞིང་ཆེན་གྱི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རིག་གནས་ཡུལ་སྐོར་བྱ་འགུལ”དངོས་སུ་སྤེལ་མགོ་བརྩམས་པ་ཁྱབ་སྒྲོག་བྱས། བརྗོད་དོན་རིག་གནས་དང་ཡུལ་སྐོར་བྱ་འགུལ་ཆེན་པོ་དགུ་ཡིས་དགུན་འཁྱགས་རིང་མོ་འདི“དྲོད་ལམ་ལམ”དུ་བཏང་ཡོད།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)སོ་སོའི་རིག་གནས་ཡུལ་སྐོར་ཅུས་དང་། ཞིང་ཆེན་ཡུལ་སྐོར་དངུལ་གཏོང་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི། ཞིང་ཆེན་ཕྱི་འབྲེལ་རིག་གནས་བརྗེ་སྤེལ་ལྟེ་གནས། ཞིང་ཆེན་རིག་གནས་ཡུལ་སྐོར་མཐུན་ཚོགས། ཞེ་ཁྲིན་ཡུལ་སྐོར་དྲ་བ་བཅས་ཀྱིས་གཙོ་སྒྲུབ་བྱས་པའི“མཚོ་སྔོན་ཞིང་ཆེན་གྱི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རིག་གནས་ཡུལ་སྐོར་བྱ་འགུལ”སྤེལ་མགོ་བརྩམས་པ་དང་། དེའི་དམིགས་ཡུལ་ནི་རང་ཞིང་གི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔར་བས་སྔོག་འདོན་བྱས་ཏེ་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རིག་གནས་ཡུལ་སྐོར་ཚོང་ཁྲོམ་ཧུར་པོར་གཏོང་རྒྱུ་དེ་རེད། བྱ་འགུལ་གྱིས“དགུན་ཁར་རབ་མཛེས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པ་དང་དཔྱིད་ཀར་རྒྱལ་ཁབ་སྤྱི་གླིང་ལ་ལྟད་མོ་ལྟ་བ”ཞེས་པ་བརྗོད་གཞི་བྱས་ཏེ། ད་ལོའི་ཟླ11པ་ནས་མགོ་བརྩམས་ཏེ2020ལོའི་ཟླ4པའི་ནང་མཇུག་བསྡུ་རྒྱུ་རེད།

བྱ་འགུལ་སྤེལ་བའི་སྐབས་སུ། བརྗོད་དོན་བྱ་འགུལ་ཆེན་པོ་དགུ་པོའི་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་མང་ཡིན། ཟླ11པའི་ཚེས23ཉིན་ནས་མགོ་བརྩམས་ཏེ། “ཀྲུང་ཧྭའི་ཆུ་ལྕོག”གི་མཚོ་སྔོན་གྱི་རྒྱན་སྤྲས་རླངས་འཁོར་བཤམས་པའི་བྱ་འགུལ་ཟི་ལིང་གྲོང་ཁྱེར་ཞིན་ཧྭ་ལེན་རྒྱལ་སྤྱིའི་ཡུལ་སྐོར་མཁར་གྱི་བྱིས་པའི་དགའ་ཚལ་ནས་བཤམས་པ་དང་། ཟླ11པ་ནས2020ལོའི་ཟླ་དང་པོའི་ཚེས1ཉིན་བར། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་དང་པེ་ཅིན་ཧའེ་རུག་ཀྲུང་གོའི་གློག་བརྙན་ལྟེ་གནས་ནས་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གི《ཡིད་དབང་འགུག་པའི་ཀྲུང་གོའི་མཁར》ཏེ་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་བརྙན་ཕབ་བརྩམས་ཆོས་སྟོན་པའི་བྱ་འགུལ་སྤེལ་རྒྱུ་རེད། ཟླ11པའི་ཚེས29ཉིན་ནས་ཟླ12པའི་ཚེས1ཉིན་བར། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདུ་ཚོགས་བསྡུས། ཟླ11པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་གྱི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རིག་གནས་ཡུལ་སྐོར་བྱ་འགུལ་འོས་སྦྱོར་འདུ་ཚོགས་བསྡུས། ཟླ11པ་ནས2020ལོའི་ཟླ4པའི་བར། “རབ་མཛེས་མཚོ་སྔོན་ལ་ཡུལ་སྐོར་བྱེད་པ་དང་རྒྱལ་ཁབ་སྤྱི་གླིང་ལ་ལྟད་མོ་ལྟ་བ”ཞེས་པའི་འོས་སྦྱོར་བྱ་འགུལ་རབས་དང་རིམ་པ་སྤེལ་རྒྱུ་རེད། ཟླ11པ་ནས2020ལོའི་ཟླ11པའི་བར། “རབ་མཛེས་མཚོ་སྔོན་གྱི་མཛེས་པ་དུས་ཚིགས་བཞི་པོར་ངོམ”ཞེས་པའི་ཞེ་ཁྲིན་ཡུལ་སྐོར་དྲ་བས་མཚོ་སྔོན་གྱི་དུས་ཚིགས་བཞི་པོའི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་བྱ་འགུལ་སྤེལ་རྒྱུ་རེད། ཟླ11པ་ནས2020ལོའི་ཟླ4པའི་བར། “ང་རང་མ་ཡུམ་ཆུ་བོར་དགའ”ཞེས་པའི་རྨ་ཆུའི་རིག་གནས་དར་རྒྱས་སུ་གཏོང་བའི་རྒྱལ་ཡོངས་ཡིག་གཟུགས་རི་མོ་འགྲན་སྡུར་བྱ་འགུལ་སྐབས་དང་པོ་སྤེལ་རྒྱུ་རེད། ཟླ11པ་ནས2020ལོའི་ཟླ4པའི་བར། རྒྱལ་ཡོངས་ཀྱི་ཡུལ་སྐོར་ཁང་བརྒྱ་ཡིས་མཚོ་སྔོན་རིག་གནས་ཡུལ་སྐོར་ཐོན་ལས་ཉོ་སྒྲུབ་བརྗེ་སྤེལ་ཚོགས་འདུ་སྐབས་གཉིས་པ་སྤེལ་རྒྱུ་རེད། ཟླ11པ་ནས2020ལོའི་ཟླ4པའི་བར། ཞིང་ཆེན་ཕྱི་ནང་ནས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རིག་གནས་ཡུལ་སྐོར་བྱ་འགུལ་སྤེལ་ནས། གཙོ་བོ་རིག་གནས་དང་ཡུལ་སྐོར་གྱི་ནང་དོན་རིགས་ཆེན་པོ10དང་སྣ་ཁ200ལྷག་གི་བྱ་འགུལ་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།