ཝུའུ་ཧེ་ཁོན་ཉིས་སྟོང་ཉི་ཤུ་ལོའི་སྔོན་རྩིས་འཆར་ཟིན་སྙན་ཞུ་ཡི་ཐོག་མའི་ཞིབ་བཤེར་བྱ་བར་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་ཡི། ཉིས་སྟོང་བཅུ་དགུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་། ཉིས་སྟོང་ཉི་ཤུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཆར་ཟིན། ཉིས་སྟོང་བཅུ་དགུ་ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་ཉི་ཤུ་ལོའི་སྔོན་རྩིས་འཆར་ཟིན་བཅས་ཀྱི་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་ཆེད།  ཉེ་ལམ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁོན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རེ་འགའ་དང་། ཞིང་ཆེན་ནོར་སྲིད་དང་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རེ་འགའི་སྣེ་ཁྲིད་དེ་སྔོན་རྩིས་འཆར་གཞིར་ཞིབ་བཤེར་ཐོག་མ་བྱས་པར་མ་ཟད། དེ་བསྟུན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན་སོགས་སྡེ་ཁག་གི་བྱ་བའི་སྙན་ཞུར་ཉན། 

ཝུའུ་ཧེ་ཁོན་གྱིས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོར་དཔལ་འབྱོར་མར་འགྲིབ་པའི་གནོན་ཤུགས་བསྟུད་མུར་ཆེ་རུ་ཕྱིན་པ་དང་། ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བའི་ཆེ་ཕྱོགས་དཔལ་འབྱོར་གྱི་གནས་སྟངས་ལ་དམིགས་ནས། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག་ཏུ།  ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་། དེ་ལག་བསྟར་གཏིང་ཟབ་བྱས་ནས། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་སྙེག་པའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱས་པས། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་ཆེད་དུ་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་ཟེར།

ཝུའུ་ཧེ་ཁོན་གྱིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་ཀྱང་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་མཐོ་བ་དང་དཀའ་ཚེགས་ཆེ་ལ། ལས་འགན་ལྕི། སང་ལོའི་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཁོར་ཡུག་དང་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པར་ཤུགས་སྣོན་རྒྱག་པ་དང་། དཀའ་ངལ་དང་གནད་དོན་དབྱེ་ཞིབ་མཐིལ་ཕྱིན་བྱེད་པ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་སྦྲེལ་མཐུད་བྱེད་པ། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས། གྲུབ་འབྲས་ཁྲིད་ཕྱོགས་བཅས་མཐའ་འཁྱོངས་བྱེད་པ། མཁྲེགས་གཏོར་ཆེན་པོ་གསུམ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།