ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ། ཞིང་ཆེན་སྲིད་འཛིན་སློབ་གླིང་གི་གླིང་གཙོ་ཝང་ཡུས་ཡན་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་གྲོང་ཁྱེར་དང་རྫོང་གི་ཏང་གི་སློབ་གྲྭའི་བྱ་བར་རྟོག་ཞིབ་བྱས།
ཝང་ཡུས་ཡན་གྱིས་ཡུལ་དངོས་ནས་མཚོ་ཤར་གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭ་དང་མིན་ཧི་རྫོང་ཏང་ཨུའི་ཏང་གི་སློབ་གྲྭ་ལ་རྟོག་ཞིབ་བྱས་ཏེ། གྲོང་ཁྱེར་དང་རྫོང་ཏང་ཨུའི་ས་གནས་ཀྱི་ཁྱད་ཆོས་ལྟར་སློབ་གསོའི་གསབ་སྦྱོང་སྤེལ་བའི་གནས་ཚུལ་དང་ཐོན་ཁོངས་ལེགས་སྒྲིག་བྱས་ཏེ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་པའི་བྱེད་ཐབས་སོགས་ལ་ཁས་ལེན་གང་ལེགས་བྱས། ཁོ་མོས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་སློབ་གཙོའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སློབ་གྲྭའི་སློབ་སྒྲུབ་སྐོར་གྱི་མཛུབ་སྟོན་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ནས། ཀྲུང་གོ་གུང་ཁྲན་ཏང་ཏང་གི་སློབ་གྲྭའི་བྱ་བའི་རྐྱེན་སྲོལ་ལག་བསྟར་ནན་མོ་བྱས་ཏེ། དུས་རབས་གསར་བའི་ཏང་གི་སློབ་གྲྭའི་བྱ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར། ཁོ་མོས་ནན་གྱིས་བསྟན་དོན། ཏང་གི་སློབ་གྲྭས་ཏང་གཙོ་བོར་འཛིན་པ་དང་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏེགས་ནས། བྱ་བ་དང་ལས་འགན་གཙོ་བོའི་སྟེང་ལ་ཤུགས་བསྣན་ནས། ཏང་གི་སློབ་གྲྭའི་འཛུགས་སྐྲུན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་གཡུལ་ས་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས། ཏང་གི་སློབ་གྲྭའི་བྱ་བར་དོ་སྣང་བྱས་ནས། རིམ་པ་སོ་སོའི་ཏང་ཨུས་སློབ་གསོ་སྒྲུབ་པ་དང་བདག་གཉེར་དོ་དམ་བྱེད་པ། འཛུགས་སྐྲུན་བྱེད་པ་བཅས་ཀྱི་འགན་འཁུར་གཙོ་བོ་ལ་ཤུགས་བསྣན་ནས། ཏང་གི་སློབ་གྲྭའི་བྱ་བ་དེ་ཏང་ཨུའི་ཕྱོགས་བསྡུས་བྱ་བའི་བཀོད་སྒྲིག་དང་ཏང་འཛུགས་བྱ་བའི་ལོ་ཧྲིལ་བོའི་དམིགས་ཚད་ཞིབ་བཤེར་ཁྲོད་ཚུད་པར་བྱ་དགོས། འགན་ནུས་རང་འགུལ་གྱིས་ལག་བསྟར་བྱས་ནས། རིམ་པ་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོས་ཏང་གི་སློབ་གྲྭའི་བྱ་བར་རྟོག་དཔྱོད་ཞིབ་འཇུག་བྱས་ནས། བྱ་བའི་དཀའ་གནད་ཐག་གཅོད་པ་དང་འཕེལ་རྒྱས་ཀྱི་མི་འདང་ས་ལ་ཁ་གསབ་བྱེད་དགོས། བྱ་བའི་འགན་སྲུང་ལ་ཤུགས་བསྣན་ནས། ཞིང་ཆེན་རིམ་པའི་ཏང་གི་སློབ་གྲྭས་གྲོང་ཁྱེར་དང་རྫོང་གི་སློབ་གྲྭར་མཛུབ་སྟོན་བྱེད་པ་དང་། རྫོང་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གིས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་ཏེ། ཏང་གི་སློབ་གྲྭའི་བྱ་བ་དེ་སྐས་རིམ་གསར་པ་ཞིག་ཏུ་སྐུལ་འདེད་གཏོང་དགོས་ཟེར། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཝང་ཡུས་ཡན་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་གྲོང་ཁྱེར་དང་རྫོང་གི་ཏང་གི་སློབ་གྲྭའི་བྱ་བར་རྟོག་ཞིབ་བྱས།