མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་མི་དམངས་འདུམ་འགྲིག་རྩ་འཛུགས5881ལོ་ལྔའི་རིང་རྩོད་གཞི145475འདུམ་འགྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས23ཉིན། གསར་འགོད་པས་ཞིང་ཆེན་མི་དམངས་འདུམ་འགྲིག་པའི་མཐུན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་སྐབས་བཞི་པའི་སྟེང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་ཡོངས་སུ་རིགས་མི་འདྲ་བའི་མི་དམངས་འདུམ་འགྲིག་རྩ་འཛུགས5881བཙུགས་ཤིང། རིམ་པ་མང་བ་དང་། ཁྱབ་ཁོངས་ཆེ་བ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱི་དྲ་བ་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། འདས་ཟིན་པའི་ལོ་ལྔའི་རིང་མཚོ་སྔོན་ཞིང་ཆེན་མི་དམངས་འདུམ་འགྲིག་མཐུན་ཚོགས་ཀྱིས་ཞིང་ཆེན་ཁྲིམས་འཛིན་ཐིང་གི“རྩ་འཛུགས་ཁྱབ་རྒྱ་དང་། དཔེ་སྟོན་སྐུལ་འདེད། སྤུས་རྟགས་གཏོད་པ། གཅིག་གྱུར་སྣེ་ཁྲིད”བཅས་ཀྱི་མི་དམངས་འདུམ་འགྲིག་རྩ་འཛུགས་འཛུགས་སྐྱོང་གི་བསམ་ཕྱོགས་གཞིར་བཟུང་ནས། ས་གནས་ཁག་གི་གྲོང་ཚོ(སྡེ་ཁུལ)དང་། ཤང་གྲོང(ཁྲོམ་གཞུང)མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་སྲ་བརྟན་དང་འཐུས་ཚང་དུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ཏེ། གྲོང་ཚོ(སྡེ་ཁུལ)དང་ཤང་གྲོང(ཁྲོམ་གཞུང)མི་དམངས་འདུམ་འགྲིག་རྩ་འཛུགས་ཁྱོན་ཡོངས་ལ་ཁྱབ་པར་བྱས། དུས་རབས་གསར་པའི་ལས་རིགས་ཆེད་ལས་ཁྱབ་ཁོངས་ཀྱི་འགལ་ཟླ་དང་རྩོད་གཞི་འཕེལ་རྒྱས་ཀྱི་དུས་བབ་དང་ཁྱད་ཆོས་ལ་དམིགས་ཏེ་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དང་ཚོང་ཚོགས་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་བཙུགས་ནས། ཧུར་ཐག་གིས་མང་ཚོགས་ཀྱི་འདུམ་འགྲིག་དགོས་མཁོ་བསྐངས་ལ། སྤུས་རྟགས་གཏོད་པའི་ལས་དོན་གཏིང་ཟབ་ཏུ་སྤེལ་ནས་ན་གོར་མོ་གྲོང་ཁྱེར་གྱི་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་གྱི་གནོད་འཚེའི་གུན་གསབ་རྩོད་གཞིའི་མི་དམངས་འདུམ་འགྲིག་ཨུ་ལྷན་དང་། གུང་ཧོ་རྫོང་མི་དམངས་འདུམ་འགྲིག་ལྟེ་གནས། མིན་ཡོན་རྫོང་ཆིང་ཧྲི་ཙུའེ་གྲོང་རྡལ་མི་དམངས་འདུམ་འགྲིག་ཨུ་ལྷན་ལའོ་མཱ་འདུམ་འགྲིག་ལས་དོན་ཁང་སོགས་སྤུས་རྟགས་གྲགས་ཅན་སྐྱེད་སྲིང་དང་གསར་འཛུགས་བྱས་པས། ཞིང་ཆེན་ཡོངས་ཀྱི་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་མི་དམངས་འདུམ་འགྲིག་ལས་དོན་སྐྱོན་བྲལ་ངང་གོང་སྤེལ་དུ་གཏོང་བ་དང་ཁྱབ་གདལ་བཏང་ཆོག་པའི་ཉམས་མྱོང་དང་བྱེད་ཐབས་མཁོ་འདོན་བྱས་ཡོད། ལོ་ལྔའི་རིང་། ཞིང་ཆེན་ཡོངས་ཀྱི་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་ཁྱོན་རྩོད་གཞི145475འདུམ་འགྲིག་བྱས་པ་དང་། འདུམ་འགྲིག་ལེགས་གྲུབ་བྱུང་ཚད96.9%ལ་སླེབས། དམངས་ཁྲོད་ཀྱི་རྩོད་གཞི་དེ་ཉེས་དོན་གྱོད་གཞིར་འགྱུར་བ་བཀག་འགོག་བྱས་པ་དེ་མི610དང་འབྲེལ་བ་ཡོད་པ། མི་དམངས་འདུམ་འགྲིག་གིས་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི“འགོག་ལམ་དང་པོའི”ནུས་པ་འདོན་སྤེལ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།