མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་སྐབས་བརྒྱད་པ་ཟི་ལིང་དུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས24ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་སྐབས་བརྒྱད་པ་ཟི་ལིང་དུ་འཚོགས་ཤིང་། ཚོགས་འདུ་མ་འཚོགས་གོང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅེན་ཅོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲིན་ཀྲང་ལིག་ཉིང་གཉིས་ཀྱིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་གཟིགས་ཞིབ་མཛད་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་བསྒྲགས་པུའུ་ཀྲང་ཀྲང་ཞི་མིང་ཚོགས་ཆེན་ལ་ཕེབས་ཏེ་གསུང་བཤད་གནང་བ་དང་། ཞིང་ཆེན་འགོ་ཁྲིད་པ་ཚུང་ལེ་དང་ཝུའུ་ཧའེ་ཁུན། དབྱང་ཧྥིན་ཁྲུམ། ཝང་དབྱི་བཅས་ཚོགས་ཞུགས་གནང་ཡོད་པ་རེད།

ཝང་ཅེན་ཅོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་བྱ་དགའ་ཐོབ་མཁན་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཏེ། ཁོ་ཚོས་མཚོ་སྔོན་གསར་པའི་རྩོམ་རིག་སྒྱུ་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་དོན་པ་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། མཚོ་སྔོན་གྱི་རིག་རྩལ་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས་པའི་སྐུལ་ལྕག་ཡང་གནང་བ་རེད།

ཝང་ཅེན་ཅོན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྩོམ་རིག་སྒྱུ་རྩལ་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་སྐབས་བརྒྱད་པ་གཟབ་རྒྱས་ངང་འཚོགས་པ་ཡིན་ལ། འདི་ནི་རང་ཞིང་གི་རྩོམ་རིག་སྒྱུ་རྩལ་ལས་རིགས་ཀྱི་སྤྲོ་ཚོགས་ཆེན་མོ་ཞིག་ཡིན་སྟབས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་དོན་པ་རྣམས་ཀྱིས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ། ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་གདམས་པ་རེད། ཁོང་གིས་གསུང་དོན། དད་མོས་ཀྱིས་སྣེ་ཁྲིད་ན་གསར་རྩོམ་ལ་ཁ་ཕྱོགས་ཡོད། མི་དམངས་ལ་དད་མོས་ཡོད་ཚེ་རྒྱལ་ཁབ་ལ་སྟོབས་ཤུགས་ཡོད་པ་དང་། མི་རིགས་ལ་རེ་བ་ཡོད། རྩོམ་རིག་སྒྱུ་རྩལ་ནི་དད་མོས་ཀྱི་ཆེད་དུ་བྱུང་བ་དང་། དད་མོས་ཀྱི་དབང་གིས་དར་བ་ཡིན་གཤིས། ཏང་གི་རིག་རྩལ་ལས་དོན་པ་རྣམས་ཀྱི་སེམས་སུ་དད་མོས་ཡོད་ན། གསར་རྩོམ་བྱེད་པར་ཁ་ཕྱོགས་ཡོད་པ་རེད། མི་དམངས་གོང་དུ་བཀུར་ཚེ་གསར་རྩོམ་ལ་སྟོབས་ཤུགས་ཡོད། མི་དམངས་ལ་རིག་རྩལ་དགོས་པ་དང་། རིག་རྩལ་ལ་མི་དམངས་དགོས་པ། མི་དམངས་ཀྱི་དོན་དུ་གསར་རྩོམ་བྱ་རྒྱུ་ནི་རིག་རྩལ་ལས་དོན་པ་རྣམས་ཀྱི་རང་འགན་རྩོད་མེད་ཅིག་རེད། མི་དམངས་ནི་ས་གཞི་ཆེན་པོ་ཡིན་ལ་རྔམ་བརྗིད་ལྡན་པའི་རི་ཀླུང་ཡང་ཡིན། ས་གཞི་ཆེན་པོར་རྩ་བ་ཚུགས་ཏེ་རྔམ་བརྗིད་ཀྱི་རི་ཀླུང་ལ་ལྟ་སྲུང་བྱས་ཚེ། གསར་རྩོམ་ལ་འཛད་མཐའ་མེད་པའི་སྟོབས་ཤུགས་སྦྱིན་འོངས། འཚོ་བ་ལ་དགའ་ཞེན་བྱས་ན་གསར་རྩོམ་ལ་འབྱུང་ཁུངས་ཡོད་པ་ཡིན་ཏེ། འཚོ་བ་ནི་དུས་ཆེན་ཞིག་དང་མི་ཚེ་ཁྲོད་ཀྱི་ཆེས་གཟབ་རྒྱས་ལྡན་པའི་རྟེན་འབྲེལ་མཛད་སྒོ་ཞིག་ཡིན། མི་ཚེ་རྒས་སླ་རུང་རང་བྱུང་ལ་འཇིག་པ་མེད། འཚོ་བ་མ་རྒས་ན་སྒྱུ་རྩལ་ལ་རྟག་ཏུ་ལང་ཚོས་ཕྱུག འཚོ་བར་གུས་འདུད་ཞུས་ཏེ་བསྟོད་པའི་མེ་ཏོག་གཏོར་ཚེ། གསར་རྩོམ་ལ་ལང་ལོང་དུ་འཕྱུར་བའི་འབྱུང་ཁུངས་ཡོད་པའོ། ། ལྟ་ཞིབ་ལ་མཁས་ན། གསར་རྩོམ་ལ་མཐོང་རྒྱ་ཡོད་སྲིད། མིའི་མིག་ཟུང་ནི་འཛམ་གླིང་ལ་ལྟ་ཞིབ་བྱེད་སྤྱད་ཡིན་པས། མིག་ཟུང་ལས་ཆེ་བའི་འཇིག་རྟེན་ཞིག་མེད་ལ། ལྟ་ཞིབ་ལས་བཟང་བའི་གཟུང་འཛིན་ཞིག་ཀྱང་མེད། རང་བྱུང་ཁམས་ལ་ལྟ་ཞིབ་བྱེད་མཁས་པ་དང་། མིའི་རིགས་ལ་ལྟ་ཞིབ་བྱེད་མཁས་པ། སྤྱི་ཚོགས་ལ་ལྟ་ཞིབ་བྱེད་མཁས་ན། གསར་རྩོམ་གྱི་མཐོང་རྒྱ་ལ་འགྲན་ཟླ་བྲལ་བ་ཡིན། འཆར་སྒོ་ཕུན་སུམ་ཚོགས་ན་གསར་རྩོམ་གྱི་ཚོར་བས་ཕྱུག འཇིག་རྟེན་ཐོག་གི་གནས་ལུགས་ནི་དེ་འདྲ་མང་བ་དང་། དེའི་གཏམ་རྒྱུད་ནི་རྫོགས་མཐའ་མེད་པ་ཞིག་རེད། རིག་རྩལ་ནི་འཚོ་བ་ལས་བྱུང་བ་དང་འཚོ་བ་ལས་བརྒལ་ཡོད་པས་གསར་རྩོམ་ལ་འཆར་སྒོའི་གཤོག་པ་བསྩོལ་དགོས། ཚོར་བ་ནི་འཆར་སྒོ་ལས་བྱུང་བ་དང་། འཆར་སྒོས་ཚོར་བ་བསྐྱེད་པར་བརྟེན། འཆར་སྒོ་ཇི་ལྟར་མང་ན་གསར་རྩོམ་གྱི་ནུས་པ་དེ་ལྟར་ཆེ། བློ་རྩེ་གཅིག་ཏུ་སྒྲིམ་ན་གསར་རྩོམ་ལ་རེ་བ་ཡོད། མེ་ཏོག་དྲི་ཞིམ་འཐུལ་བ་དཀའ་སྡུག་ལས་ལ་རེག །སྤུས་ལེགས་གསར་རྩོམ་འབྱུང་བ་བློ་རྩེ་སྒྲིམ་ལ་བརྟེན། ། རིག་རྩལ་གྱི་ཕོ་བྲང་དུ་བསྐྱོད་དེ་འབྱུང་འགྱུར་གྱི་གྲུབ་འབྲས་ལ་བློ་རྩེ་གཅིག་ཏུ་གཞོལ་དགོས་ཏེ། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་དང་རིག་རྩལ་མཁས་པ་ཡོད་ཚད་བློ་རྩེ་གཅིག་སྒྲིམ་གྱི་སྤྲུལ་བ་ཡིན་པས་བློ་རྩེ་གཅིག་ཏུ་གཞོལ་བ་དང་། བློ་རྣལ་ལ་ཕབ་སྟེ་འཚོལ་ཞིབ་བགྱིས་ཚེ། གསར་རྩོམ་ལ་ནི་རེ་བ་དང་མཉམ་དུ་མཛེས་སྡུག་གི་གྲུབ་འབྲས་དེ་བས་མང་པོ་འབྱུང་ངེས་པ་རེད། ཞིང་ཆེན་ཡོངས་ཀྱི་རིག་རྩལ་ལས་དོན་པ་རྣམས་ཀྱིས་རང་ནུས་ཡོད་རྒུས་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ཡོད་ཚད་མཚོ་སྔོན་གསར་པའི་རིག་གནས་དར་རྒྱས་ཡོང་བ་དང་། མཚོ་སྔོན་མི་རིགས་ཁག་གི་མི་དམངས་ལ་བསམ་པའི་ལོངས་སྤྱོད་གང་མང་བསྐྲུན་པའི་ཆེད་དུ་ལེགས་སྐྱེས་སུ་དབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

དབྱང་ཧྥིན་ཁྲུམ་གྱིས་ཚོགས་འདུའི་ཐོག《མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་སྐབས་བརྒྱད་པའི་བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གཏན་འབེབས》སྒྲོག་འདོན་བྱས་པ་རེད།

ཚོགས་འདུའི་ཐོག《མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་སྐབས་བརྒྱད་པའི་བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་མིང་ཐོ》སྒྲོག་འདོན་བྱས་ཏེ་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱ་དགའ་གནང་བ་དང་། གཟེངས་བསྟོད་ཐོབ་པའི་འཐུས་མི་པའོ་ཡུང་ཆིང་དང་། ཝང་ཆན། མེ་ཡན་བཅས་ཀྱིས་གཏམ་བཤད་སྤེལ་བ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།