མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་12པའི་ཚེས་17ཉིན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྒྱུར་བཅོས་ཀྱི་འཕེལ་རིམ་ཁྱབ་བསྒྲགས་བྱེད་པ་དང་། སྔོན་ཐོན་སྒྱུར་བཅོས་བྱ་བར་གཟེངས་བསྟོད། སྒྱུར་བཅོས་ཀྱི་ལས་འགན་བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཐོག་མའི་བསམ་འདུན་མི་བརྗེད་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་མཐར་ཕྱིན་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་གསུང་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཉིང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད། ཞིང་ཆེན་ཏང་ཨུའི་སྒྱུར་བཅོས་ཨུ་ལྷན་གྱི་ཨུ་ཡོན་ལི་ཅེ་ཞང་གིས་མཚོ་སྔོན་ཞིང་ཆེན་གྱི་སྒྱུར་བཅོས་གསར་གཏོད་བྱ་དགའི་གསར་གཏོད་རྣམ་གྲངས་དང་། སྔོན་ཐོན་ཚོགས་པ། སྔོན་ཐོན་མི་སྒེར་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཏན་འབེབས་ཁྱབ་བསྒྲགས་གནང་བ་དང་། ཡུས་ཚུང་ལེ་ཡིས་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་མགོན་པོ་བཀྲ་ཤིས་དང་། ཐེང་ཅ་ཚའེ། ཀྲང་ཤིས་མིང་། ཡན་ཅིན་ཧའེ། མ་ཅི་ཞའོ། ཡན་པོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཝང་ཅན་ཅུན་གྱིས་བསྟན་དོན། སྒྱུར་བཅོས་ཀྱི་དུས་བབ་གསར་པར་ངོས་འཛིན་གསལ་པོ་བྱེད་དགོས། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་མཚོ་སྔོན་ཞིང་ཆེན་གྱིས་གནས་བབ་ལ་སྐུལ་འདེད་གཏོང་བ་དང་། གཅིག་གྱུར་འཆར་འགོད་བྱེད་པ། འགན་འཁྲི་ཏན་ཏིག་སྒྲུབ་པ་བཅས་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ལས་འགན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་བྱ་གཞག་ཁག་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། 2020ལོ་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་ལོ་ཞིག་ཡིན་པས་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། གནོན་ཤུགས་ཆེ་རུ་གཏོང་བ། ཆད་སྐྱོན་ཁ་གསབ་བྱེད་པ། རང་ཤུགས་རང་འདོན་བྱེད་པ། ཏན་ཏིག་ཧུར་ཐག་བྱེད་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་པའི་སྒྱུར་བཅོས་ཀྱི་ལས་འགན་ཇི་མ་ཇི་བཞིན་ལེགས་སྒྲུབ་བྱེད་དགོས།

ལིའུ་ཉིང་གིས་གཙོ་སྐྱོང་གསུང་བཤད་གནང་སྐབས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུའི་ཐད་བླང་བྱ་ཞིབ་ཕྲ་བཏོན་པ་རེད། ཁོང་གིས་ནན་གྱིས་བསྟན་དོན། ཚོགས་འདུར་སྔོན་ཐོན་ཅན་ལ་གཟེངས་བསྟོད་བྱས་ནས། ཕྱོགས་སྟོན་གྱི་དར་ཆ་བསྒྲེང་སྟེ། ངར་ཤུགས་ལ་སྐུལ་སློང་བྱས་ཤིང་། མྱོང་ཚོར་ལ་བཞུགས་མོལ་དང་། ཉམས་མྱོང་བརྗེ་རེས་བྱས་ཏེ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་ཡོད། ལོ་རྒྱུས་ལ་ཕྱོགས་སྡོམ་བྱས་ནས། འབྱུང་འགྱུར་ལ་ཁ་ཕྱོགས་ཏེ། ཞན་ཆར་དོ་སྣང་བྱེད་དགོས། ལས་དོན་ལ་བཀོད་སྒྲིག་དང་། ཡིད་ཆེས་ཆེས་ཆེར་བསྐྱེད་ནས། དོན་འཁྱོལ་དམིགས་སུ་འཛིན་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ། ཐེངས་འདིའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་། གོ་བ་ཟབ་ལེན། ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱེད་པ་དང་། 2020ལོའི་སྒྱུར་བཅོས་ལས་དོན་གྱི་གཙོ་གནད་ལ་ཇུས་འགོད་ནན་ཏན་བྱེད་པ་དང་། ལས་ཀའི་ལས་འགན་ཁག་ལ་སྤྱི་འདོམས་ཀྱི་སྐུལ་འདེད་ཡག་པོ་གཏོང་དགོས་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱི་ཆོད་སེམས་དང་རྒྱུན་སྲིང་འབད་བརྩོན་གྱི་བློ་སྟོབས་དང་། སྔར་བས་ཉམས་སད་ཐུབ་པའི་ལས་ཀའི་སྤྱོད་ཚུལ་དང་དཀའ་སྤྱད་མདུན་སྐྱོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་སྒོ་དབྱེ་འཕེལ་རྒྱས་སུ་གཏོང་དང་ལག་བསྟར་མཐར་ཕྱིན་བྱས་ཏེ། དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་གསར་པ་བསྐྲུན་དགོས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་བཅོས་སྒྱུར་གསར་གཏོད་བྱ་དགའི་གསར་གཏོད་རྣམ་གྲངས་དང་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས། བྱ་དགའ་ཐོབ་པའི་འཐུས་མི་3གྱིས་གཏམ་བཤད་སྤེལ་བ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།