མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་དཔོན་རིགས་མི་སྣས་པཎ་ཆེན་སྐུ་ཕྲེང་བཅུ་པའི་རྒྱལ་གཅེས་བརྩེ་སེམས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ནང་བསྟན་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་བཅས་ཀྱི་ཚོགས་ཞུགས་འཐུས་མི500ལྷག་ཙམ་རྩ་འཛུགས་བྱས་ཏེ། ཞིང་ཆེན་བོད་ཀྱི་རིག་གནས་རྟེན་རྫས་བཤམས་སྟོན་ཁང་དུ་ཕེབས་ནས“པཎ་ཆེན་སྐུ་ཕྲེང་བཅུ་པའི་རྒྱལ་གཅེས་བརྩེ་སེམས་འགྲེམས་སྟོན”ལ་ལྟ་སྐོར་བྱས་པ་རེད།

འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་བརྒྱུད། ཆོས་ལུགས་དཔོན་རིགས་ཀྱི་མི་སྣས་འགྲེམས་སྟོན་གྱི་ཕུན་སུམ་ཚོགས་པའི་པར་རིས་སྣ་ཚོགས་ལ་བལྟས་པ་བརྒྱུད། པཎ་ཆེན་སྐུ་ཕྲེང་བཅུ་པས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། དར་ཆ་གསལ་སྟོན་གྱིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བཅས་ཀྱི་དྲང་བདེན་གྱི་བྱ་སྤྱོད་ཕྱོགས་ཡོངས་ནས་མངོན་པ་དང་། པཎ་ཆེན་ལགས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་རྒྱལ་གཅེས་བརྩེ་སེམས་དང་། གཞོམ་གཞིག་བྲལ་བའི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་སྒྲིག་གཞིའི་འདུ་ཤེས། ཐོག་མཐའ་བར་གསུམ་དུ་ཏང་དང་གཅིག་སེམས་གཅིག་གཏད་ཀྱི་ལྷག་བསམ་རྣམ་དག་གི་བསམ་བློ། རྒྱལ་གཅེས་ཆོས་གཅེས་ཀྱི་བླ་ན་མེད་པའི་སྙིང་སྟོབས་སློབ་སྦྱོང་དང་རྒྱུན་འཛིན། བོད་བརྒྱུད་ནང་བསྟན་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ་བཅས་ལ་གལ་ཆེ་ལ་རྒྱུན་རིང་ཞིང་གཏིང་ཟབ་པའི་ལོ་རྒྱུས་དང་དངོས་ཡོད་ཀྱི་དོན་སྙིང་ལྡན་པའི་མཛད་རྗེས་ལ་གཅིག་མཐུན་གྱི་ངོས་འཛིན་གནང་བ་རེད།

ད་ཐེངས་ཀྱི་འགྲེམས་སྟོན་སྟེང་པར་རིས277དང་། ཚགས་པར་དང་དུས་དེབ་ཡིག་ཚགས38།  འཇིམ་བརྙན་སོགས་དངོས་རྫས་འགྲེམས་དངོས181།  ཐང་ག་དང་ཐང་གའི་འདྲ་བཟོས་ཐོན་རྫས་32།  རིང་ཚད་ལ་སྐར་མ200ལྷག་ཙམ་གྱི་བརྙན་པར་དཔྱད་གཞིའི་ཡིག་རིགས4དང་། གསེར་བྲིས་དང་ཡིག་གཟུགས་བརྩམས་ཆོས33། ཆོས་དཔེ55། ཆོས་དཔེ་དང་ཚད་ལྡན་ཡིག་ཆ་360ལྷག་ཙམ་བཅས་བདམས་ཡོད་པ་དེའི་ནང་། 2011ལོའི་ཟླ7པར་བློ་མཐུན་ཞི་ཅིན་ཕིང་གིས་བཀྲ་ཤིས་ལྷུན་པོ་དགོན་པར་ཕུལ་བའི《ཀྲུང་ཧྭའི་བཀའ་བསྟན་(བོད་ཡིག་པར་མ)》(བམ་པོ232། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།)དང་ 《པཎ་ཆེན་རིམ་བྱོན་གྱི་གསུང་འབུམ་ཕྱོགས་བསྒྲིགས》(བམ་པོ52)དང་པཎ་ཆེན་རིན་པོ་ཆེའི་ཡོངས་འཛིན་གསུང་འབུམ་ཕྱོགས་བསྒྲིགས། ཨ་མདོ་བྱམས་པའི1993ལོའི་རི་མོའི་བརྩམས་ཆོས་《ཆོས་གོས་བཀླུབས་པའི་པཎ་ཆེན་སྐུ་ཕྲེང་བཅུ་པ་》ཞེས་པ་དང་། སངས་རྒྱས་འབུམ་གྱིས་གཙོ་བཞེངས་མཛད་པའི་《ཁྱད་མཚར་བའི་པཎ་ཆེན་སྐུ་ཕྲེང་བཅུ་པའི་མི་ཚེ》ཞེས་པའི་རིང་ཚད་ལ་སྨི56ཡོད་པའི་ཐང་ག་རིང་པོ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པའི་ཁྲི་བཞུགས་མཛད་སྒོ་དང་གླང་མགོའི་རྡོ་རིང་གི་འདྲ་བཟོས་དངོས་རྫས་བཅས་ཀྱི་བརྩམས་ཆོས་ཡོད། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་གསོལ་འདེབས་གསེར་བྲིས་སོགས་གདན་འདྲེན་ཞུས་ཏེ། བདེན་པ་བདེན་ཐུབ་དང་གསོན་ཉམས་ལྡན་པའི་སྒོ་ནས་པཎ་ཆེན་རིན་པོ་ཆེའི་འོད་སྟོང་འཕྲོ་བའི་མི་ཚེའི་མཛད་རྗེས་ཡང་བསྐྱར་མངོན་པ་དེ་ནི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་གསོན་ཉམས་དོད་པའི་སློབ་གཞི་ཞིག་ཡིན་པ་རེད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།