རྨ་ལྷོ་ཁུལ་གྱི་རེབ་གོང་བོད་གཏོ་མངོན་མིན་ཤུལ་བཞག་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས15ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ད་ལོའི་དགུན་དུས་དང་ཕྱི་ལོའི་དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་དང་རེབ་གོང་རྫོང་གི2019ལོའི་རེབ་གོང་བོད་གཏོ་མངོན་མིན་རིག་གནས་ཤུལ་བཞག་རིག་གནས་ཡུལ་སྐོར་དུས་ཆེན་དེ་རེབ་གོང་གཉན་ཐོག་སྡེ་བར་འགོ་ཚུགས་པ་དང་དེས་ཁུལ་འདིའི་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་འགོ་བརྩམས་པ་མཚོན་ཡོད།

ཉེ་བའི་ལོ་ཤས་རིང་། རེབ་གོང་རྫོང་གིས་ཕྱོགས་ཡོངས་ནས་ཞིང་ཆེན་ཏང་ཨུའི“ལེགས་གཅིག་མཐོ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་དང་རྨ་ལྷོ་ཁུལ་གྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་གཏོད་རྒྱུའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་བྱེད་པ་དང་རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་རིམ་སྤེལ་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་ཕྱི་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཤུགས་དང་མིང་གྲགས་སྐྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། དེ་དང་ཆབས་ཅིག ཐང་གའི་ཡུལ་སྲོལ་གོམས་གཤིས་གྲོང་རྡལ་ཆུང་བ་དང་། ལྷ་མོའི་ཟློས་གར་སྒྱུ་རྩལ་གཟའ་འཁོར། རེབ་གོང་དྲུག་པའི་ཀླུ་རོལ། རེབ་གོང་བོད་གཏོ་སོགས་མིང་གྲགས་ཅན་གྱི་རིག་གནས་ཡུལ་སྐོར་སྤུས་རྟགས་བཏོད་དེ་རེབ་གོང་ས་ཁུལ་གྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཁྱད་ལྡན་རིག་གནས་ཡུལ་སྐོར་སྤུས་རྟགས་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་པ། དེ་བཞིན་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཐབས་ལམ་གསར་པ་བཏོད་ཡོད་པ་རེད།

ཞིང་ཆེན་ཕྱི་ནང་གི་སྨྱན་སྦྱོར་12དང་དེ་བཞིན་ཡུལ་སྐོར་ལས་དོན་ཁང་30ཡི་མི་800ལྷག་ཙམ་བྱེད་སྒོ་དེར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།