མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་མི་དམངས་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེས་ཆེན་པོ་ཡིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་བྱ་བའི་སྙན་ཞུ་ལ་ཉན་པ་ནི་ལམ་ལུགས་ཀྱི་བཀོད་སྒྲིག་ཡིན་ལ། ཆབ་སྲིད་ཀྱི་རེ་བ་ཡང་ཡིན་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་ཚན་ཁག་ཆེན་པོ་སོ་སོས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་མངོན་པར་བྱས་ཡོད། ཚོགས་འདུས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་ལོ་ངོ་གཅིག་རིང་གི་བྱ་བར་གདེང་འཇོག་ཚད་མཐོན་པོ་དང་ཁས་ལེན་གང་ལེགས་བྱས། ཚོགས་་ཐོག་ནས་བསྟན་དོན། ཏང་ཙུའུ་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་བྱེད་པར་དམིགས་པ་དང་། རྒྱལ་ཡོངས་དམངས་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བར་དམིགས་ནས། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་འོག་གྲུབ་འབྲས་ལྡན་པའི་གསར་སྐྲུན་རང་བཞིན་གྱི་བྱ་བ་མང་པོ་བསྒྲུབས་པ་དང་། ནང་སྒོས་སུ་བློ་རྩ་བརྟན་པོས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱས་པ་མ་ཟད། རང་རྟོགས་སྒོས་ཏང་འཛུགས་སྐྲུན་དམ་འཛིན་བྱས་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་དུ་བཏང་ལ། ཏང་གི་འཛུགས་སྐྲུན་ལ་བརྟེན་ནས་ལས་སྒོའི་བྱ་བར་གཅིག་གྱུར་སྣེ་ཁྲིད་བྱས་ཏེ། མཉམ་དུ་མཚོ་སྔོན་གྱི་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྲུན་བྱས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། བབ་བསྟུན་མདུན་སྐྱོད་དང་མུ་མཐུད་འབད་འཐབ་བྱས་ཏེ། 2020ལོའི་བྱ་བ་སྣ་ཚོགས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་འཛུགས་སྐྲུན་སྣེ་ཁྲིད་དུ་བྱེད་པ་དང་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་གཏིང་ཟབ་ཏུ་སྤེལ་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས། རང་སོ་སོའི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་། རང་སོ་སོའི་བྱ་བར་གཅིག་གྱུར་འཆར་འགོད་བྱེད་པ། རང་ཉིད་ཀྱི་འགན་ནུས་བཟང་བོར་བསྒྲུབ་ནས། ས་གནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་ཐད་རང་ཉིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། མཐུན་སྒྲིལ་དང་མཉམ་ལས་བཟང་བོ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་མཚོ་སྔོན་གྱི་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྲུན་སྔར་ལས་བཟང་བོ་བྱས་ཏེ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱོད་གཙང་སྲོལ་བཟང་དང་འཆམ་མཐུན་ཞི་འཇགས་ཀྱི་ཁོར་ཡུག་ཁྲོད་ལས་གཉེར་ལས་སྐྲུན་བྱེད་ཐུབ་པར་བྱེད་དགོས་ཟེར།

ཚོགས་འདུས་ཟླ་བཅུ་གཉིས་པའི་ཟླ་སྨད་དུ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བསྡུ་རྒྱུའི་ཐག་བཅད་པ་མ་ཟད། བྱ་བ་གཞན་པར་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།