༄༅༎མཚོ་སྔོན་པོའི་ཙོང་ཉའི་གསོག་འབོར་ཏུན་ཁྲི་9.3ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 12ཚེས་11ཉིན། གསར་འགོད་པར་མཚོ་སྔོན་པོའི་ཙོང་ཉ་སྐྱོབ་སྲུང་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་པོའི་ཙོང་ཉའི་ཐོན་ཁུངས་གསོག་འབོར་ཏུན་ཁྲི་9.3ཟིན་པ་དེ་2002ལོའི་ཐོག་མའི་སྲུང་སྐྱོབ་བྱེད་པའི་དུས་ཀྱི་ཏུན་2592ལས་ལྡབ་35ཙམ་འཕར་ཡོད་པ་རེད།

མཚོ་སྔོན་པོའི་ཙོང་ཉ་ནི་མཚོ་སྔོན་པོའི་ནང་དམིགས་བསལ་དུ་ཡོད་པའི་རྩ་ཆེའི་ཉ་རིགས་ཤིག་ཡིན་ཞིང་། དེར་མཚོ་སྔོན་པོ་འབབ་རྒྱུད་ཀྱི་ཆུ་དང་། ཉ། བྱ་གསུམ་གྱི་སྣོད་བཅུད་སྦྲེལ་ཐག་གི་བདེ་འཇགས་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཆེ་བའི་ནུས་པ་ཆེན་པོ་ལྡན་པ་རེད། 1964ལོར་མཚོ་སྔོན་པོའི་ཙོང་ཉ་རྒྱལ་ཁབ་ཀྱི་གལ་ཆེའམ་ཡང་ན་རྩ་ཆེའི་ཆུ་ཐོན་སྲོག་ཆགས་ཀྱི་གྲས་སུ་བཅུག་ཅིང་། 1979ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི《ཆུ་ཐོན་ཐོན་ཁུངས་སྐྱེ་འཕེལ་སྲུང་སྐྱོང་སྲོལ་ཡིག》ནང་མཚོ་སྔོན་པོའི་ཙོང་ཉ་སྲུང་སྐྱོང་བྱ་ཡུལ་དུ་གཏན་འཁེལ་བྱས་པ་དང་། 2004ལོར《ཀྲུང་གོའི་སྐྱེ་དངོས་རིགས་ཀྱི་མིང་གཞུང་དམར་པོའི》ནང་མཚོ་སྔོན་པོའི་ཙོང་ཉ་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་གྲས་སུ་བཅུག་ཡོད།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་ཉ་ལས་སྡེ་ཚན་གྱིས་མཚོ་སྔོན་པོ་སོགས་གཙོ་གནད་ཆུ་ཁོངས་སུ་ཉ་འཛིན་གཏན་འགོག་གི་ལམ་ལུགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཤིང་། ཁྲིམས་འཛིན་སྟོབས་ཤུགས་གཅིག་སྡུད་ཀྱིས་མཉམ་འབྲེལ་ཐོག་ཁྲིམས་འཛིན་བྱེད་པ་དང་ཞིབ་བཤེར་ལྟ་ཞིབ་སྤེལ་མར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས། དུས་ངེས་གཏན་དང་ངེས་མེད་དུ་ཆེད་དོན་ཁྲིམས་འཛིན་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་ཆུ་ཐོན་སྐྱེ་དངོས་སོགས་གློག་དང་། དུག འབར་རྫས་གསུམ་ལ་བརྟེན་ནས་འཛིན་པ་དང་། ལྐོག་ཏུ་འཛིན་པ། གཏོར་བརླག་ཚབས་ཆེན་གཏོང་བ་བཅས་ཀྱི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནུས་ལྡན་བཏང་བ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་གཙང་པོ་དང་མཚེའུ་ཡི་ཆུ་ཐོན་སྐྱེ་དངོས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ཉ་ལས་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲུའུ་ཨན་ཕུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2019ལོར་ཉ་ལས་སྡེ་ཚན་གྱིས་མཚོ་སྔོན་པོར་ཙོང་ཉའི་ཉ་ཕྲུག་ཁྲི་1271གློད་ཅིང་། གསོ་ཚགས་བྱེད་ཚད་མཐོ་རུ་བཏང་བ་དང་ཉ་ཕྲུག་གློད་པ་བརྒྱུད། མཚོ་སྔོན་པོའི་ཆུ་ཁོངས་ཀྱི་ཆུ་ཐོན་སྐྱེ་དངོས་ཐོན་ཁུངས་ཁ་གསབ་བྱུང་ལ་སླར་གསོ་ཡང་ནུས་ལྡན་ཐུབ་ཡོད།

“མཚོ་སྔོན་གྱིས་མཚོ་སྔོན་པོ་ཚུད་པའི་གཙོ་གནད་ཆུ་ཁོངས་སུ་ཕྱོཌ་ཡོངས་ནས་ཉ་འཛིན་བཀག་འགོག་བྱ་ཐབས་མུ་མཐུད་ལག་ལེན་བསྟར་ཏེ། གཙོ་གནད་ཆུ་ཁོངས་དང་ས་འབྲེལ་ཆུ་ཁོངས་སུ་དོ་དམ་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་ཡིན། དུས་མཚུངས་སུ་མཚོ་སྔོན་པོར་ཉ་གློད་གཏོང་བྱེད་པའི་གྲངས་འབོར་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་མཚོ་སྔོན་པོའི་ཙོང་ཉའི་རིགས་ཁྱུའི་གཞི་ཁྱོན་མགྱོགས་མྱུར་སླར་གསོ་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཀྲུའུ་ཨན་ཧྥུའུ་ཡིས་བཤད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།