ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་གིས་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྲིད་གཞུང་ལས་ཁུངས་ཀྱི་ལག་བསྟར་བྱ་བར་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱིས་ད་ལོའི་དཔལ་འབྱོར་བྱ་བར་སྤྱི་སྡོམ་ནན་མོ་བྱས་པ་དང་། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས་ལ། སང་ལོའི་དཔལ་འབྱོར་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ང་ཚོས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བཟང་བོ་བསྡུ་བར་ཁག་ཐེག་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལྟར། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གཏིང་ཟབ་བྱས་ཏེ། བསམ་བློ་དང་འགུལ་སྐྱོད་གཉིས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་གི་དཔལ་འབྱོར་གནས་བབ་ཐད་ཀྱི་དབྱེ་འབྱེད་གལ་ཆེན་དང་དཔལ་འབྱོར་བྱ་བའི་ཐད་ཀྱི་ཇུས་ཆོད་གལ་ཆེན་སྟེང་གཅིག་གྱུར་བྱེད་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སྣེ་ཁྲིད་དུ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། ལས་འགན་གཙོ་བོར་དམིགས་ཏེ། སྟོབས་ཤུགས་ཡོད་རྒུས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་མཁྲེགས་གཏོར་ཆེན་པོ་གསུམ་གྱི་བྱ་བ་བཟང་བོར་བསྒྲུབ་པ། སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྟོབས་ཤུགས་ཡོད་རྒུས་དཔལ་འབྱོར་བརྟན་བརླིང་ངང་འཁོར་རྒྱུག་བྱེད་པ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ་བ། གཅིག་གྱུར་སྒོས་མཁར་གྲོང་ཁུལ་ཁོངས་ཀྱི་འཕེལ་རྒྱས་ལ་མཐུན་སྦྱོར་བྱེད་པ། མུ་མཐུད་དུ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་སྐྱེད་པ། དམངས་ཚིས་ལ་འགན་སྲུང་དང་ལེགས་བསྒྱུར་བྱེད་པ། ལོ་ལྔའི་འཆར་གཞི་བཅུ་བཞི་པ་སྒྲིག་བཟོ་བྱེད་པ་སོགས་ཀྱི་གཙོ་གནད་བྱ་བ་བཟང་བོར་བསྒྲུབ་དགོས། རྣམ་འགྱུར་བཟང་བོ་དང་ཤུགས་ཡོད་ཀྱི་བྱེད་ཐབས་སྤྱད་དེ། བརྟག་བཤེར་ཞིབ་འཇུག་དང་བདེན་འཚོལ་དངོས་གཉེར། གྲུབ་འབྲས་ལ་ལྟ་ཞིབ་བྱེད་པ་བཅས་ཀྱི་སྟེང་ཤུགས་བཏོན་ནས། བྱ་བའི་ལས་འགན་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ལིས་ཅེ་ཞང་དང་ཏང་ཙུའུ་ཁོངས་མི་ཡན་ཅིན་ཧའེ་དང་ཝང་ལིས་མེན། དབྱང་ཧྥུན་ཁྲུན། ཀྲང་ཧོང་ཡོན་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཟུར་ཞུགས་བྱས།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་རྒྱ་སྐྱེད་གྲོས་ཚོགས་བསྡུས།