སང་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་མཚོ་སྔོན་གྱི་ཡུལ་སྐོར་ཁུལ་ཚང་མས་རྒྱལ་ཡོངས་སྤྱི་བདེའི་མི་དམངས་ཉེན་རྟོག་པར་རིན་མེད་པར་སྣེ་ལེན་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་སྤྱི་བདེ་ཐིང་བཅས་ཀྱིས་མཉམ་དུ་བརྡ་ཐོ་བཏང་སྟེ། 2020ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཁུལ་དང་ལྟ་སྐོར་བྱ་ཡུལ་གྱིས་རྒྱལ་ཡོངས་ཀྱི་སྤྱི་བདེའི་མི་དམངས་ཉེན་རྟོག་པར་རིན་མེད་པར་སྣེ་ལེན་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་གཏན་འབེབས་བྱས་པ་རེད། སྤྱི་བདེའི་མི་དམངས་ཉེན་རྟོག་པས་རང་ཉིད་ཀྱི《མི་དམངས་ཉེན་རྟོག་པའི་ལག་ཁྱེར》དང་ཐོབ་ཐང་ལག་ཁྱེར་བཟུང་ནས་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་དང་ལྟ་སྐོར་བྱ་ཡུལ་གྱི་རིན་མེད་སྲིད་ཇུས་ལོངས་སུ་སྤྱད་ཆོག

སྡེ་ཁག་ལྔའི་བརྡ་ཐོ་ཡིས་རིམ་པ་སོ་སོའི་སྡེ་ཁག་གིས་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་རིན་མེད་སྲིད་ཇུས་དོན་འཁྱོལ་བྱས་ཤིང་ཕན་འབྲས་ཐོན་པ་དང་ལག་བསྟར་གནད་ཁེལ་ཡོང་བར་འགན་ལེན་བྱེད་པ་དང་། མཛེས་ལྗོངས་ཁུལ་དང་ལྟ་སྐོར་བྱ་ཡུལ་སོ་སོས་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་དང་སྤ་སེ་འཚོང་ས་སོགས་མངོན་གསལ་དོད་སར་སྣེ་སྟོན་བྱང་བུ་བཙུགས་ནས་རྒྱལ་ཡོངས་མི་དམངས་ཉེན་རྟོག་པར་སྒོ་འཛིན་མི་དགོས་པའི་སྲིད་ཇུས་ཡོངས་ཁྱབ་ངང་དྲིལ་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན

སྲིད་ཇུས་འདི་བཏོན་པས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་བདེའི་ལས་ཀར་རྒྱབ་སྐྱོར་ཤུགས་ཆེན་དང་སྤྱི་བདེའི་དཔུང་ཁག་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་མཚོན་ཡོད། ཉེན་རྟོག་པར་གཟིགས་སྐྱོང་བྱེད་པའི་བྱ་ཐབས་དོན་འཁྱོལ་ཧུར་ཐག་བྱས་ནས། སྤྱི་ཚོགས་ཡོངས་སུ་སྤྱི་བདེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་སྤྱི་བདེའི་དཔེ་མཚོན་ལ་བརྩི་མཐོང་བྱེད་པ། སྤྱི་བདེའི་མི་དམངས་ཉེན་རྟོག་པར་གཅེས་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཆགས་སུ་བཅུག་ཡོད་ལ། ཏན་ཏིག་སྒོས་སྤྱི་བདེའི་མི་དམངས་ཉེན་རྟོག་པའི་ལས་རིགས་ཀྱི་གཟི་བརྗིད་བསམ་པ་དང་། སྤོབས་སེམས། ཁོངས་གཏོགས་བསམ་པ་བཅས་ཆེ་རུ་བཏང་སྟེ། རབ་མཛེས་མཚོ་སྔོན་གྱི་མཛེས་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་སྤྱི་བདེའི་མི་དམངས་ཉེན་རྟོག་པར་ཕན་ཁེ་རེག་ཏུ་བཅུག་ཡོད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།