བོད་ལྗོངས་གཞིས་ཀ་རྩེའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཟི་ལིང་དུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་12པའི་ཚེས་11ཉིན། ས་ཡི་གོ་ལའི་ཡང་རྩེ“ཇོ་མོ་གླང་མའི་ཞིང་བཀོད། སྤྲིན་དཀར་རིམ་གྱི་འཁྱགས་ཀླུང་”ཞེས་པའི་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེའི་ཡུལ་སྐོར་ཆེད་དོན་འོས་སྦྱོར་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་འཚོགས།

ཐེངས་འདིའི་ས་ཡི་གོ་ལའི་ཡང་རྩེ་“ཇོ་མོ་གླང་མའི་ཞིང་བཀོད། སྤྲིན་དཀར་རིམ་གྱི་འཁྱགས་ཀླུང”ཞེས་པའི་གཞིས་ཀ་རྩེའི་ཡུལ་སྐོར་ཆེད་དོན་འོས་སྦྱོར་ཚོགས་འདུའི་ཐོག ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་དང་། སྤུས་ལེགས་ཡུལ་སྐོར་ལམ་ཐིག་ངོ་སྤྲོད། ཉམས་ལེན་རང་བཞིན་གྱི་དྲིལ་བསྒྲགས། ཟི་ལིང་ས་གནས་ཀྱི་ཡུལ་སྐོར་ལས་དོན་ཁང་དང་མཉམ་ལས་གན་རྒྱ་འཇོག་པ་སོགས་ཀྱི་ཐབས་ལམ་བརྒྱུད། གཞིས་ཀ་རྩེའི་ཕུན་སུམ་ཚོགས་ཤིང་ཐུན་མོང་མིན་པའི་ཡུལ་སྐོར་ཐོན་ཁུངས་དང་ཡུལ་སྐོར་ཐོན་རྫས་དག་ཟི་ལིང་གི་གྲོང་མི་དང་ཡུལ་སྐོར་ལས་གཉེར་མཁན་ལ་འགྲེམས་སྟོན་བྱས་ནས། ཟི་ལིང་དང་གཞིས་ཀ་རྩེ་ས་གནས་གཉིས་ཀྱི་ཡུལ་སྐོར་མཉམ་ལས་དང་འབྲེལ་འདྲིས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གཞིས་ཀ་རྩེའི་ཡུལ་སྐོར་གྱི་གྲགས་ཚད་དང་འགུགས་ནུས་ཆེ་རུ་བཏང་ཡོད།

ཉེ་བའི་ལོ་འགའི་རིང་། ཟི་ལིང་དང་གཞིས་ཀ་རྩེ་ས་གནས་གཉིས་ཀྱི་ཡུལ་སྐོར་ལས་རིགས་ཉིན་བཞིན་དར་ཞིང་ཡུལ་སྐོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ས་གནས་གཉིས་དབར་གྱི་འགྲོ་འོང་དང་འབྲེལ་འདྲིས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ས་གནས་གཉིས་པོའི་ཡུལ་སྐོར་ཐོན་ཁུངས་གསབ་རེས་མཉམ་སྤྱོད་དང་མཉམ་ལས་ཉིས་ཁེ་ཡོང་ཆེད། གཞིས་ཀ་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ་ཡི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དབང་འདུས་ཀྱིས་ཟི་ལིང་ཀྱི་མཚོ་བོད་མཐོ་སྒང་གི་སྒོ་མོ་ལྟ་བུའི་ལེགས་ཆར་བརྟེན་ནས། ས་ཁུལ་གཉིས་པོའི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་དང་། ཟི་ལིང་གྲོང་ཁྱེར་རིག་གནས་ཡུལ་སྐོར་རླུང་འཕྲིན་གློག་བརྙན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲང་ལུག་ཙེ་ཡིས་ཀྱང་། ཐེངས་འདིའི་ཡུལ་སྐོར་འོས་སྦྱོར་འདུ་ཚོགས་ཀྱིས་ས་གནས་གཉིས་པོའི་ཡུལ་སྐོར་ལས་རིགས་ལ་མཉམ་ལས་འབྲེལ་འདྲིས་ཀྱི་གར་སྟེགས་བཟོས་ནས། ས་གནས་གཉིས་པོས་ཀྱང་ཐེངས་འདིའི་འོས་སྦྱོར་འདུ་ཚོགས་གོ་སྐབས་སུ་བྱས་ཏེ། ཡུལ་སྐོར་ལམ་ཐིག་གི་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁོངས་ཡུལ་སྐོར་གྱི་སྤུས་རྟགས་གཏོད་རྒྱུའི་རེ་བ་ཡོད་ཅེས་བརྗོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།