ལྟ་ཞིབ་ཚད་ལེན་བྱས་པར་མཚོ་བོད་མཐོ་སྒང་གི་ཚྭ་མེད་མཚེའུ་དང་ཚྭ་མཚོ་གཉིས་གནམ་གཤིས་འགྱུར་ལྡོག་དང་བསྟུན་ནས་གཅིག་མཐུན་གྱིས་དྲོད་ཚད་མཐོ་རུ་འགྱུར་བཞིན་པ་མངོན།

1575964438604205.jpg

དཔྱད་གཞིའི་རི་མོ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་གི་རྨ་ཆུ་ཡིན། ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པ། སུན་རུའེ་ཡིས་པར་བླངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱས་པ་བརྒྱུད། 2019ལོ་ནས་བཟུང་མཚོ་བོད་མཐོ་སྒང་གི་ཚྭ་མེད་མཚེའུ་དང་ཚྭ་མཚོ་གཉིས་གནམ་གཤིས་འགྱུར་ལྡོག་དང་བསྟུན་ནས་གཅིག་མཐུན་གྱིས་ཇེ་དྲོར་འགྱུར་བཞིན་འདུག”ཅེས་ཚེས9ཉིན་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་ནུབ་རྒྱུད་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཝུན་ལིས་ཅོན་གྱིས་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པར་བཤད།

ཝུན་ལིས་ཅོན་གྱིས་མཚོ་བོད་མཐོ་སྒང་གི་མཚེའུ་ཡིས་སའི་གོ་ལའི་ནུས་ཚད་དང་ཆུ་འཁོར་རྒྱུག་གི་བརྒྱུད་རིམ་ལེགས་སྒྲིག་དང་། ས་ཁོངས་ཀྱི་གནམ་གཤིས་ལ་མངོན་གསལ་དོད་པོས་ཤུགས་རྐྱེན་ཐེབས་ཀྱི་ཡོད་ལ། འགྱུར་ལྡོག་འདི་དག་གིས་མཚོ་བོད་མཐོ་སྒང་གི་རླུང་ཁམས་ཆེན་མོའི་འཁོར་རྒྱུན་ཚོད་འཛིན་བྱེད་པའི་ཆ་རྐྱེན་གལ་ཆེན་གྱི་ནུས་པ་ཐོན་པ་བརྒྱུད། ས་ཁོངས་དང་ཐ་ན་གོ་ལ་ཧྲིལ་པོའི་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    མཚོ་བོད་མཐོ་སྒང་སྟེང་ཚྭ་མེད་མཚེའུ་དང་ཚྭ་མཚོ་གཙོར་བྱས་པའི་མཚེའུ་དག་གིས་རྒྱལ་ཡོངས་ཀྱི་མཚེའུ་སྤྱིའི་རྒྱ་ཁྱོན་གྱི52%བཟུང་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་བོད་མཐོ་སྒང་གི་ན་འདམ་གྱི་རྒྱ་ཁྱོན་སྤྱིའི་ཆ་ནས་ཉུང་དུ་ཕྱིན་པ་དང་མཛེས་ལྗོངས་སྣ་མང་རང་བཞིན་ཉུང་དུ་ཕྱིན་ཡོད་ལ། འོན་ཀྱང་མཚེའུ་དང་ན་འདམ་གྱི་འཕེལ་ཕྱོགས་ནི་དེ་ལས་ལྡོག་སྟེ་མཚེའུ་ཡི་ཆུ་ཚད་མཐོ་རུ་ཕྱིན་པ་དང་ཆུ་ཇེ་མང་དུ་ཕྱིན་ནས་ནང་རྒྱུག་ཁུལ་གྱི་མཚེའུ་ཡི་རྒྱ་ཁྱོན་ཆེ་རུ་ཕྱིན་ཡོད།

1575964449926630.jpg

    དཔྱད་གཞིའི་རི་མོ་ནི་རྨ་ཆུའི་འགོ་ཁུངས་ནས་བླངས་པའི་མཚོ་སྔོ་རེངས་ཡིན། ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པ། སུན་རུའེ་ཡིས་པར་བླངས།

“མཚེའུ་ཡི་དྲོད་ཚད་མཐོ་རུ་ཕྱིན་པ་དེས་མཚེའུ་ནང་གི་དྲོད་ཚད་དང་དབྱང་རླུང་བཞུ་རིམ་ལ་འགྱུར་ལྡོག་འགྲོ་ཡི་ཡོད་ལ། མཚེའུ་ཡི་དྲོད་ཚད་ནི་མཚེའུ་ཡི་སྣོད་བཅུད་མ་ལག་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པས་དེའི་འགྱུར་ལྡོག་གིས་མཚེའུ་ཡི་སྣོད་བཅུད་མ་ལག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཀྱིན་ཡོད། ཝུན་ལིས་ཅོན་གྱིས་བཤད་རྒྱུར། ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པར། གོ་ལ་ཧྲིལ་པོའི་དབྱར་དུས་མཚེའུ་ཡིས་གནམ་གཤིས་འགྱུར་ལྡོག་གི་ཚོར་སྣང་སྐྱེན་པ་དང་སྤྱི་ཡོངས་ནས་དྲོད་ཚད་འཕར་བའི་རྣམ་པ་མངོན་གྱི་ཡོད་ཟེར།

“མཚོ་སྔོན་པོའི་གསེར་ཉ་དཔེར་བླངས་ན། སྐྱེ་དངོས་འདི་ནི་སྟོངས་ལ་ཉེ་བའི་སྲོག་ཆགས་ཤིག་ཡིན་པས་མཚོ་སྔོན་པོའི་སྣོད་བཅུད་མ་ལག་གི་ལྟེ་བའི་གནས་བབ་ཐོག་གནས་ཡོད། འོན་ཀྱང་གནམ་གཤིས་ཀྱིས་མཚེའུ་ཡི་དྲོད་ཚད་ལ་འགྱུར་ལྡོག་གཏོང་བ་སོགས་བརྒྱུད་དེ་གསེར་ཉའི་འཚོ་གནས་ལ་ཤུགས་རྐྱེན་ཐེབས་ཏེ་ཆུ་དང་ཉ། བྱ་བཅས་མཉམ་དུ་སྐྱེ་བའི་སྐྱེ་དངོས་ཀྱི་འབྲེལ་ཐག་ལ་འགྱུར་ལྡོག་ཕྱིན་ནས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།  ཝུན་ལིས་ཅོན་གྱིས་བཤད་རྒྱུར། གཞན་ཡང་རྨ་ཆུའི་ཆུ་འགོར་གནས་པའི་མཚོ་སྔོ་རེངས་ཀྱི་དྲོད་ཚད་དུས་ཡུན་རིང་པོའི་ནང་དྲོད་ཚད་མཐོ་བ་དང་། ས་བབ་མཐོ་བའི་རྐྱེན་གྱིས་མཁའ་དབུགས་དྲོད་ཚད་དམའ་བ་དང་ཉི་འོད་འགྱེད་འཕྲོ་དྲག་པོ་བྱུང་བ་ནི་དེའི་རྒྱུ་རྐྱེན་གཙོ་བོ་ཡིན་ཞེས་བཤད། སྣང་ཚུལ་དེ་ཡང་མཐོ་སྒང་གི་མཚེའུ་མང་པོ་ཞིག་ཏུ་མངོན་ཡོད་ཅིང་། དེ་ནི་མཐོ་སྒང་གི་མཚེའུ་དང་ལྷག་པར་དུ་ཚ་གསོག་ནུས་པ་ཅུང་ཆུང་བའི་གཏིང་ཟབ་པའི་མཚེའུ་ཡི་མཁའ་དབུགས་དྲོད་ཚད་ཧེ་བག་གི་ཁྱད་རྟགས་གཙོ་བོ་ཞིག་རེད།

ཝུན་ལི་ཅོན་གྱིས་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱས་པ་བརྒྱུད། 2019ལོ་ནས་བཟུང་མཚོ་བོད་མཐོ་སྒང་གི་ཚྭ་མེད་མཚེའུ་དང་ཚྭ་མཚོ་གཉིས་ཀྱི་གནམ་གཤིས་འགྱུར་ལྡོག་མཉམ་གཅིག་ཏུ་ཇེ་དྲོར་འགྲོ་བཞིན་ཡོད་ལ། དེའི་ནང་དུ་མཚེའུ་ཡི་དྲོད་ཚད་དཔྱད་ཆས་ཀྱི་ཁྱད་པར་མངོན་གསལ་མིན། མཐོ་སྒང་ས་ཁུལ་དུ་རླབས་རིང་ཁྱབ་འགྱེད་བྱེད་ཚད་མང་དུ་ཕྱིན་པ་དང་། དྲོད་ཚད་མཐོ་བ། རླུང་གི་མྱུར་ཚད་དམའ་བ། དེ་བཞིན་དྲོད་ཚད་ཇེ་མཐོར་འགྲོ་བའི་གཅིག་གྱུར་གྱི་ནུས་པས་མཚེའུ་དྲོད་ཚད་མཐོ་རུ་འགྲོ་བར་ནུས་པ་ཐོན་གྱི་ཡོད་ལ། ཉི་མའི་འགྱེད་འཕྲོ་དམའ་རུ་འགྲོ་བས་མཚེའུ་ཡི་དྲོད་ཚད་མཐོ་རུ་འགྲོ་བར་ཚོད་འཛིན་ཐེབས་ཀྱི་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།