དབུལ་ཁྱིམ་ཕལ་བའི་འབྱོར་ཕྱུག་གི་ལམ་བུ།

མི་གཅིག་གིས་སྒོ་ཕྱིར་ཞོར་ལས་བྱས་ན། ཁྱིམ་ཚང་གཅིག་གི་འབྱོར་འཁོས་ཇེ་བཟང་དུ་གཏོང་ཐུབ། ད་ལྟ་མི་བརྒྱ་ལྷག་གིས་ཞོར་ལས་བྱས་ན་ཁྱིམ་ཚང་མང་པོ་ཕྱུག་པོར་གཏོང་ཐུབ། མ་འོངས་པར་ངས་ད་དུང་མི་མང་པོའི་སྣེ་ཁྲིད་དེ་སྒོ་ཕྱིར་འགྲོ་དགོས། སྐད་ཆ་འདི་བཤད་མཁན་གྱི་མིང་ལ་གཡང་སྐྱབས་རྒྱལ་ཟེར་ཞིང་། ཁོ་ནི་དེ་སྔོན་དབུལ་ཕོངས་དུད་ཁྱིམ་ཞིག་ཡིན། ཏང་གི་དམངས་ཕྱུག་སྲིད་ཇུས་ཀྱི་སྣེ་ཁྲིད་འོག ཁོས་དཀའ་ངལ་རྒྱབ་ཏུ་བསྐྱུར་ཏེ་ཞོར་ལས་བ་ཞིག་ནས་འབྱོར་ཕྱུག་སྣེ་ཁྲིད་པ་ཞིག་ཏུ་གྱུར་བ་དང་། རང་འགུལ་གྱི་ཡོང་སྒོ་འཕར་བསྣོན་ལ་བརྟེན་ནས་ཕྱུག་པོར་འགྱུར་བ།དེ་མིན་དབུལ་ཐར་ཕྱུག་འགྱུར་གྱི་ནང་རྐྱེན་སྒུལ་ཤུགས།དེ་མིན་འགྱུར་མེད་ཀྱི་བློ་སྤོབས་བཅས་ལ་བརྟེན་པ་ཡིན། ཁོས་རང་ཉིད་འབྱོར་ཕྱུག་གི་རྨི་ལམ་མངོན་འགྱུར་བྱུང་བ་མ་ཟད། ཕ་ཡུལ་གྱི་ནང་མི་སྤུན་ཟླ་ཚོའི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུའི་སྟེང་བསྐྱོད་པ་རེད།

བསམ་བློའི་འགྱུར་བ། ཁོའི་གྲུབ་འབྲས་ཀྱི་བསྟམས་པའི་སྒོ་མོ་ངང་གིས་ཕྱེ།

ད་ལོ་ལོ་ན་སོ་ལྔ་ཡིན་པའི་གཡང་སྐྱབས་རྒྱལ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་རྟ་སྒ་གཞོང་སྡེ་བའི་འབྲོག་མི་ཕལ་བ་ཞིག་ཡིན་ཞིང་། ཁོ་རང་ཡོད་སའི་རི་སྡེ་དེ་ནི་རི་ཁུག་ཅིག་ཏུ་ཆགས་ཤིང་རང་བྱུང་གི་ཆ་རྐྱེན་ཞན་ལ།གྲོང་རྡལ་སྲིད་གཞུང་གི་བར་ཐག་སྤྱི་ལེ་ང་ལྔ་ཡོད་ཅིང་། འཕྲང་དམར་གྲོང་རྡལ་གྱི་དབུལ་ཕོངས་སྡེ་བའི་གྲས་ཀྱི་གཅིག་ཡིན་པ་དང་།སྡེ་བ་དེར་དབུལ་ཕོངས་ཁྱིམ་ཚང་དགུ་བཅུ་དང་། མི་སུམ་བརྒྱ་ང་དྲུག་ཡོད་ལ།གཡང་སྐྱབས་རྒྱལ་ཚང་གི་ཁྱིམ་མི་བཞི་བོ་དུད་ཁྱིམ་དགུ་བཅུའི་ཁྲོད་ཀྱི་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་གྲས་ཀྱི་གཅིག་ཡིན་པ་རེད།གཡང་སྐྱབས་རྒྱལ་གྱི་ཕྱིར་དྲན་གྱི་ཁྲོད་དུ། ཁོའི་ཉིན་རྒྱུན་གྱི་འཚོ་བ་ནི་རྫོགས་རྒྱུ་མེད་པའི་ལུག་རྫི་ཡིན་ལ།ཉིས་སྟོང་བཅུ་བཞི་ལོར། ཡོང་སྒོ་འཚོལ་ཆེད་གཡང་སྐྱབས་རྒྱལ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཐོག་ཏུ་སོང་ནས་ཡུན་ཐུང་གི་ཞོར་ལས་རྒྱག་ཏུ་སོང་བ་དང་།ཉིན་རེར་སྒོར་དྲུག་བཅུའི་ཡོང་སྒོ་ཆུང་ངུ་ཞིག་བཙལ།  གཡང་སྐྱབས་རྒྱལ་གྱིས་རང་གི་མི་ཚེར་འདི་ལྟར་དབུལ་ཕོངས་ཁྱིམ་ཚང་གི་མིང་བྱང་ལྗིད་མོ་ཞིག་འཁུར་མ་བཟོད། ངས་ལས་གཉེར་བྱེད་དགོས། དབུལ་བོ་ལས་ཐར་དགོས།ཕྱུག་འགྱུར་གྱི་རྨི་ལམ་དེ་ནམ་ཡང་ཁོའི་སེམས་ཀྱི་གཏིང་རིམ་དུ་ཉར། དེ་བས། ཁོས་ཐབས་བརྒྱ་ཇུས་སྟོང་གིས་ཞོར་ལས་ཀྱི་གོ་སྐབས་བཙལ་མཐར། ཉིས་སྟོང་བཅོ་ལྔ་ལོར་མཚམས་སྦྱོར་བྱས་པ་བརྒྱུད། ཀན་སུའུ་ཞིང་ཆེན་ནས་ལྕགས་ལམ་གྱི་རྨང་གཞི་ཞིག་གསོ་བྱེད་པའི་ལས་ཀ་ཞིག་རྙེད། རི་སྡེ་ཞིག་ནས་ཐོན་པའི་ཁོའི་རྒྱ་སྐད་ཀྱི་ཆུ་ཚད་ཞན་ཁར། ཁོས་ཐེངས་འདིའི་གོ་སྐབས་དམ་འཛིན་བྱས་ཏེ། ཉིན་རེར་མགོ་བོ་སྒུར་སྒུར་གྱིས་ལས་ལ་འབད་ཅིང་། མི་གཞན་དང་བརྗེ་རེས་བྱེད་པར་འབད་ཐག་བྱས། དགོད་རྒྱུར་དགའ་བའི་ཁོས་ནམ་རྒྱུན་ལས་བཟོ་བ་གཞན་དག་ལ་འཛུམ་བསྟན་པར།ལས་བཟོ་བ་གཞན་དག་གིས་ཀྱང་ཁོ་ལ་ཨ་ལན་སྤྲད་ཅིང་། འདི་ལྟར་ཁོའི་དགོད་འཛུམ་དེ་ལས་བཟོ་བ་གཞན་དག་དང་བརྗེ་རེས་བྱེད་པའི་ཐབས་ལམ་ཉག་གཅིག་ཏུ་གྱུར་ལ། རིམ་བཞིན་ཁོ་རང་མི་གཞན་དང་འབྲེལ་འདྲིས་བྱེད་དཀའ་བའི་སེམས་ཀྱི་རྡོག་ཁྲེ་དེ་མེད་པར་གྱུར།  དུས་ཡུན་ཡུད་ཙམ་འགོར་རྗེས།རང་གི་འབད་པར་བརྟེན།ཁོ་རང་ལས་བཟོ་བའི་མིག་ལམ་གྱི་གཞུང་རྒྱུད་དྲང་ཞིང་། དཀའ་བར་དཔའ་མི་ཞུམ་པའི་བོད་རིགས་སྟག་ཤར་ཞིག་ཏུ་གྱུར་བ་མ་ཟད། ལས་ཁུངས་ཀྱི་འགན་ཁུར་བ་དང་ལས་གྲོགས་ཚོའི་ཁས་ལེན་གང་ལེགས་ཐོབ་ལ།ཁོ་ཚོའི་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་སོང་།

ཐོབ་ཐང་གི་འགྱུར་བ། ཁོས་བློ་སྤོབས་འགྱུར་མེད་ཀྱི་རྐང་རྗེས་ཕབ།

ཉིས་སྟོང་བཅུ་དྲུག་ལོའི་ལོ་སར་གྱི་སྐབས་སུ། གཡང་སྐྱབས་རྒྱལ་ཕྱིར་ཕ་ཡུལ་དུ་ལོག་རྗེས། རང་ཉིད་ཀྱི་ཞོར་ལས་བྱས་པའི་གནས་ཚུལ་དེ་ཁྱིམ་མཚེས་གཡས་གཡོན་དུ་བཤད་ཅིང་། ཡུལ་མི་ཚོས་ཁོའི་ཞོར་ལས་ཀྱི་གནས་ཚུལ་དེ་ཤེས་རྗེས་ཁོ་ཚང་ལ་གནས་ཚུལ་རྒྱུས་ལོན་བྱེད་དུ་ཡོང་བ་དང་། ཟླ་རེར་ཡོང་སྒོ་ལྔ་སྟོང་ཡོད་པ་ཐོས་ནས་ཡུལ་མི་ཚོས་བསྟོད་པའི་མཐེ་བོང་བསྒྲེང་། ཡུལ་མི་ཚོ་དགའ་འོས་པ་ཞིག་ནི་གཡང་སྐྱབས་རྒྱལ་གྱིས་རང་ཉིད་ཀྱི་ཞོར་ལས་ཀྱི་མྱོང་བ་དེ་ཡུལ་མི་ཚོར་བཤད་པ་ལས་གཞན། ཡུལ་མི་ཚོའི་སྣེ་ཁྲིད་དེ་མཉམ་དུ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་འདུན་པ་དེ་རེད།   ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཞི་བར། གཡང་སྐྱབས་རྒྱལ་གྱིས་རང་སྡེ་བའི་ཞོར་ལས་ལ་འགྲོ་འདོད་པའི་ཡུལ་མི་ཚོའི་སྣེ་ཁྲིད་དེ་སྒོ་ཕྱིར་སོང་བ་དང་། ཀན་སུའུ་ལྕགས་ལམ་ས་ཚིགས་ནས་ཞོར་ལས་བྱེད་འགོ་བརྩམས། ཁོར་ཡུག་གསར་བས་ཚང་མའི་བཟའ་བཏུང་དང་འབྲེལ་འདྲིས་བྱེད་དཀའ་ཞིང་། དེའི་སྟེང་ལྕགས་ལམ་ཞིག་གསོའི་ལས་ཀ་དེ་ལུས་ཤུགས་ངལ་རྩོལ་ཡིན་ལ། ལས་ཀ་མང་ཆེ་ཤོས་དགོང་མོར་ལས་དགོས་པས། མཉམ་དུ་ལས་ཀ་བྱེད་པའི་ཡུལ་མི་ཚོས་དུས་ཡུན་ཐུང་ངུར་ལོབས་དཀའ་བའི་གནས་ཚུལ་བྱུང་ཞིང་། སྐབས་སུ་ཕྱིར་ཕ་ཡུལ་དུ་ལོག་པའི་འདུན་པ་ཡང་སྐྱེས། གཡང་སྐྱབས་རྒྱལ་གྱིས་རང་གི་མྱོང་བ་དངོས་ཀྱིས་ཁོ་ཚོར་སྐུལ་མ་བྱས་ཤིང་། བདེ་སྐྱིད་ཀྱི་འཚོ་བ་ནི་འབད་བརྩོན་ལས་བྱུང་བ་དང་། དཀའ་ངལ་ཡོད་ཚད་རྒྱབ་ཏུ་བསྐྱུར་ན་དབུལ་ཐར་ཕྱུག་འགྱུར་གྱི་ཕུགས་འདུན་མངོན་འགྱུར་བྱུང་ཐུབ་ཞེས་བཤད།   འདི་ལྟར། གཡང་སྐྱབས་རྒྱལ་གྱི་སྐུལ་ལྕག་འོག   ཡུལ་མི་ཚོར་སྔར་མེད་ཀྱི་སེམས་ཤུགས་གསར་བ་ཞིག་བསྣན། དཀའ་སྡུག་ཆེ་ནའང་། ང་ཚོ་ཕྱིར་ཕ་ཡུལ་དུ་འགྲོ་སྐབས་ཡོང་སྒོ་མང་ཞིང་།སང་ལོར་ང་ཚོ་ད་དུང་འདིར་ཡོང་ནས་ཞོར་ལས་བྱེད་དགོས་ཞེས། བསོད་ནམས་ཚེ་རིང་གིས་སྤྲོ་བའི་ངང་ནས་བཤད། གཡང་སྐྱབས་རྒྱལ་རུ་གཙོ་ཡིན་པའི་ཆ་ནས། ཉིན་རྒྱུན་ལས་ཚོགས་སུ་འགྲོ་བའི་སྔོན་དུ། ལས་བཟོ་བའི་བདེ་འཇགས་ལ་སེམས་ཁུར་བྱེད་ཅིང་། ལས་ཚོགས་གྲོལ་རྗེས། ཚང་མ་དང་མཉམ་དུ་ཟ་མ་བཟའ་བ་ཡིན་ལ། དཀའ་ངལ་ལ་འཕྲད་སྐབས་ཕན་ཚུན་བར་རོགས་རམ་དང་སྐུལ་མ་བྱེད། ལོ་མཇུག་ལ་སླེབས་སྐབས། ཡུལ་མི་ཚོ་སྤྲོ་བའི་ངང་ནས་ཕ་ཡུལ་དུ་ལོག་ཅིང་། གདོང་ལ་འཛུམ་གྱིས་ཁེངས།   གཏམ་བཟང་དེ་རླུང་བུ་བཞིན་གང་སར་ཁྱབ་ཅིང་།གཡང་སྐྱབས་རྒྱལ་གྱི་གཏམ་རྒྱུད་དེ་རི་སྡེ་ཧྲིལ་བོར་ཁྱབ། བློ་སེམས་གཅིག་གིས་དབུལ་ཐར་བྱེད་པ་དང་། ཕྱུག་འགྱུར་གྱི་ལམ་བུ་མ་རྙེད་པའི་ཡུལ་མི་ཚོས་གཡང་སྐྱབས་རྒྱལ་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཞོར་ལས་བྱས་པའི་གནས་ཚུལ་ཐོས་རྗེས། ཁོ་རང་བཙལ་དུ་ཡོང་། ཉིས་སྟོང་བཅུ་བདུན། ཉིས་སྟོང་བཅོ་བརྒྱད་ལོར། མི་མང་པོ་ཞིག་གཡང་སྐྱབས་རྒྱལ་དང་མཉམ་དུ་ཀན་སུའུ་རུ་ཞོར་ལས་སུ་སོང་བ་དང་། ཁོ་དང་མཉམ་དུ་ཕྱུག་འགྱུར་གྱི་ལམ་ཁ་བསྙེགས། ཉིས་སྟོང་བཅུ་དགུ་ལོར། གཡང་སྐྱབས་རྒྱལ་གྱིས་ཡུལ་མི་བརྒྱ་དང་དགུའི་སྣེ་ཁྲིད་དེ་ཀན་སུའུ་ཐེན་ཧྲོས་དང་།ཡུས་མིན། ཅ་ཡུས་ཀོན་སོགས་སུ་སོང་ནས་ཞོར་ལས་བྱས་ཏེ་གཏན་འཇགས་ཀྱི་ཡོང་སྒོ་བཙལ།    དཀའ་བ་ཁྱད་དུ་བསད་མཐར། ཁོས་རང་ཉིད་དབུལ་ཐར་ཕྱུག་འགྱུར་གྱི་རྨི་ལམ་མངོན་འགྱུར་བྱུང་བ་མ་ཟད། མང་ཚོགས་ལྔ་བརྒྱ་ལྷག་གི་སྣེ་ཁྲིད་དེ་ཞོར་ལས་སུ་སོང་།   དེ་བས་གཡང་སྐྱབས་རྒྱལ་ནི་ཡུལ་མི་ཚོའི་སེམས་ཀྱི་རེ་བཅོལ་བྱེད་སར་གྱུར།   ཉིས་སྟོང་ཉི་ཤུ་ལོར། ཁོས་འབྲོག་ཁུལ་གྱི་མང་ཚོགས་མང་པོའི་སྣེ་ཁྲིད་དེ་ཞོར་ལས་སུ་འགྲོ་རྩིས་ཡོད་པ་དང་། མུ་མཐུད་དུ་འབྱོར་ཕྱུག་སྣེ་ཁྲིད་དེ་དབུལ་སེལ་མཁྲེགས་གཏོར་གྱི་ཕན་འབྲས་སྲ་བརྟན་དུ་བཏང་ནས། མང་ཚོགས་དབུལ་ཐར་ཕྱུག་འགྱུར་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྩིས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།