མཚོ་སྔོན་ཞིང་ཆེན་གྱིས་《སྨན་རྫས་དཀར་ཆག》པར་གཞི་གསར་པའི་ནང་གྲོས་མོལ་སྨན་རྫས་སྣ་ཁ70གསར་དུ་བསྣན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ཟླ1པོའི་ཚེས1ཉིན། 《མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ཀྱི་སྨན་རྫས་དཀར་ཆག(2019ལོའི་པར་གཞི)》(གཤམ་དུ《སྨན་རྫས་དཀར་ཆག》ཅེས་བསྡུ་རྒྱུ)དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 《སྨན་རྫས་དཀར་ཆག》པར་གཞི་གསར་པའི་ནང་གྲོས་མོལ་སྨན་རྫས་སྣ་ཁ70གསར་དུ་བསྣན་པ་དང་རིན་གོང་ཆ་སྙོམས་ཀྱིས60.7%མར་ཆག་ཡོད་ལ། སྨན་རྫས་རིགས27རྒྱུན་མཐུད་དུས་བཅད་བྱས་པས་རིན་གོང་ཆ་སྙོམས26.4%མར་ཆག་ཡོད། ནད་པ་མི་སྒེར་གྱི་ཁུར་པོ80%ཡི་ཡན་ཇེ་ཉུང་དུ་བཏང་པ་དང་། སྨན་རྫས་ཁག་གཅིག་གི་ཁུར་པོ95%ཡི་ཡན་མར་ཆག་ཡོད་པ་རེད།

ཞིང་ཆེན་སྨན་བཅོས་འགན་ལེན་ཅུའུ་ཡི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། 《སྨན་རྫས་དཀར་ཆག》པར་གཞི་གསར་པའི་ནང་གྲོས་མོལ་སྨན་རྫས་གསར་དུ་བསྣན་པའི་གྲངས་འབོར་དང་གྲོས་མོལ་སྨན་རྫས་བསྡོམས་འབོར་ཚང་མས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད། གྲོས་མོལ་ལེགས་གྲུབ་བྱུང་བའི་སྨན་རྫས་དེ་ཉེ་བའི་ལོ་ཤས་རིང་གསར་དུ་ཁྲོམ་རར་བཀྲམ་པ་མ་ཟད། ད་དུང་ནད་ཐོག་སྨན་བཅོས་ཀྱི་རིན་ཐང་ཅུང་མཐོ་བའི་སྨན་རྫས་དང་། འབྲས་སྐྲན། མཐོང་དཀོན་པའི་ནད། མཆིན་ཚད། གཅིན་པ་མངར་འགྱུར་གྱི་ནད། སྨན་མང་ཐེག་ཐུབ་པའི་འདུས་འདྲིལ་གཅོང་ནད། རིམས་འགོག སྙིང་ཀླད་ཁྲག་རྩ། འཇུ་བྱེད་སོགས་ནད་ཐོག་སྨན་བཅོས་ཀྱི་ཁྱབ་ཁོངས10ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད།

དེ་དང་ཆབས་ཅིག《སྨན་རྫས་དཀར་ཆག》པར་གཞི་གསར་པའི་ནང་བོད་སྨན་སྣ་ཁ98བཅུག་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་རང་བཟོས་སྨན་རྫས་རིགས569དང་། བོད་ལུགས་གསོ་རིག་གི་གསོ་ཐབས་རིགས235སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ནད་བཅོས་སྨན་བསྟེན་གྱི་ཁུར་པོ་ཇེ་ཡང་དུ་བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།