མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་རྩ་འཛུགས་ཀྱི་ཚོགས་འདུ་འཚོགས་ཤིང་ལིག་ཉིང་གིས་གཙོ་སྐྱོང་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས5ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའམ་ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་ཏང་རྩ་འཛུགས་ཀྱི་གྲོས་ཚོགས་བསྡུས་ཏེ་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་ལོ་མཇུག་དང་ལོ་མགོའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

ཚོགས་འདུས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་བརྒྱད་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་སྦྲེལ་ལག་རྩལ་གྱི་བཀོལ་སྤྱོད་དང་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སློབ་སྦྱོང་དང་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། ཁུལ་སྦྲེལ་ལག་རྩལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས། ཁུལ་སྦྲེལ་ལག་རྩལ་དང་ཐོན་ལས་གསར་གཏོད་འཕེལ་རྒྱས་གཏོང་བར་སྐུལ་འདེད་གང་མགྱོགས་དང་། ཧུར་ཐག་སྒོས་ཁུལ་སྦྲེལ་ལག་རྩལ་དང་དཔལ་འབྱོར་སྤྱི་ཚོགས་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བར་སྐུལ་སྤེལ། ཁུལ་སྦྲེལ་ལག་རྩལ་གྱི་བཀོལ་སྤྱོད་དང་དོ་དམ་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱ་དགོས། གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས། གྲངས་གཞིའི་སྲིད་དོན་སོགས་གཏན་འཁེལ་བྱས་པའི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་ཆབས་ཅིག་མཐིལ་རྟོགས་ཞིབ་འཇུག་སོགས་ཀྱི་ལས་དོན་སྤེལ་ནས་ཁུལ་སྦྲེལ་ཐོན་ལས་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་རྨང་གཞི་འདིང་དགོས།

ཞིང་ཆེན་སྲིད་གཞུང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ་ལི་ཅེ་ཞང་དང་། ཏང་རྩ་འཛུགས་ཀྱི་ཁོངས་མི་ཡན་ཅིན་ཧའེ། ཝང་ཀྲེང་ཧྲེང་། ཐེན་ཅིན་ཁྲེན། ལིའུ་ཐའོ། ཀྲང་ཧོང་ཡོན། ཧྲིན་ཀྲང་གཞོན་པ་ཁོང་ཡུང་བཅས་ཚོགས་འདུར་ཞུགས།།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།