མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་ཕག་ཤའི་རིན་གོང་བརྟན་པོར་བཟོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་གཞུང་གཉེར་དྲ་བའི་གཞི་གྲངས་ལས་མངོན་པ་ལྟར་ན། ཕག་ཤའི་སིལ་ཚོང་རིན་གོང་གཟའ་འཁོར་བཞི་ལ་བསྟུད་མར་མར་ཆག་པ་དང་སྡེབ་ཚོང་རིན་གོང་གཟའ་འཁོར་ལྔ་ལ་བསྟུད་མར་མར་ཆག་ཡོད་པ་རེད། ཉེ་བའི་གཟའ་འཁོར་ནང་ཕག་ཤའི་སིལ་ཚོང་རིན་གོང་སྤྱི་རྒྱ་རེར་སྒོར55.12ཡིན་ལ། གཟའ་སྔོན་མའི་དུས་མཚུངས་ལས3.43%མར་ཆག་པ་དང་། ཕག་ཤའི་སྡེབ་ཚོང་རིན་གོང་སྤྱི་རྒྱ་རེར་སྒོར37ཡིན་ཞིང་། གཟའ་སྔོན་མའི་དུས་མཚུངས་ལས7.5%མར་ཆག་ཡོད་པ་རེད།

གསར་འགོད་པས་ཁྲོམ་ར་མང་པོར་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་དུས་ཕག་ཤའི་རིན་གོང་མངོན་གསལ་དོད་པོས་མར་ཆག་ཡོད། ཟི་ལིང་གྲོང་ཁྱེར་ཞིན་ཧེ་ལམ་གྱི་གྲོང་གསེབ་ཚོང་དོན་ཁྲོམ་རའི་ནང་ཕག་ཤ་ཚོང་མཁན་ལི་ཧྲེང་ལེན་གྱིས་གསར་འགོད་པར་བཤད་དོན། ཟླ11པའི་ཟླ་དཀྱིལ་ནས་བཟུང་ཕག་ཤའི་རིན་གོང་རིམ་བཞིན་མར་ཆག་འགོ་ཚུགས་ཡོད་ཅེས་བཤད། མིག་སྔར་ཞིན་ཧེ་ལམ་གྱི་གྲོང་གསེབ་ཚོང་དོན་ཁྲོམ་རའི་ཕག་ཤའི་རིན་གོང་ཧ་ལམ་སྒོར10མར་ཆག་ཡོད་པ་རེད།

ཕག་ཤའི་རིན་གོང་མར་ཆག་པ་དེ་སྲིད་གཞུང་གིས་བྱེད་ཐབས་སྣ་མང་སྤྱད་པ་དང་ཁ་འབྲལ་ཐབས་མེད། ཟླ11ཚེས5ཉིན། ཞིང་ཆེན་སྲིད་གཞུང་གིས《ཕག་ཕྲུག་གསོ་འཕེལ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་པ་ལས། དེང་རབས་ཅན་གྱི་ཕག་ཕྲུག་གསོ་འཕེལ་མ་ལག་དང་། རང་ཞིང་གི་རང་མཁོ་རང་སྒྲུབ་གཙོ་བོར་བྱས་ནས་ཞིང་ཆེན་གཞན་ནས་འོས་འཚམ་གྱིས་སྙོམས་སྒྲིག་ཁ་གསབ་བྱེད་པའི་ཕག་ཤའི་མཁོ་སྤྲོད་མ་ལག་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་རང་མཁོ་རང་སྒྲུབ་བྱེད་ཚད་དེ70%ཡས་མས་སུ་སླར་གསོ་ཐུབ་པར་བྱེད་དགོས་པ་དང་། དངུལ་རྩའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཕག་གསོ་ར་བ་ཆེ་གྲས་དང་གཞི་ཁྱོན་འོས་འཚམ་གྱི་ཕག་གསོ་ར་བ་འཛུགས་སྐྲུན་བྱ་རྒྱུར་གཙོ་གནད་དུ་བཟུང་བ་དང་། བཤས་རའི་ཁེ་ལས་རིམ་སྤོར་སྒྱུར་བཀོད་ཇེ་མགྱོགས་སུ་བཏང་ནས་ནུས་ཤུགས་ཡོད་རྒུས་ཕག་ཕྲུག་གསོ་འཕེལ་སླར་གསོ་དང་སྟོབས་ཆེར་གཏོང་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་དང་། འཛུགས་སྐྲུན་མ་དངུལ་གྱི་དགོས་མཁོ་འགན་སྲུང་བྱེད་དགོས་པའི་བསམ་འཆར་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།