མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་རིགས་336སྨན་བཅོས་འགན་བཅོལ་ནང་བཅུག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་ཟམ་མི་ཆད་པར་མཚན་སྙན་བརྩོན་ལེན་བྱས་པ་དང་ཆབས་ཅིག འཕེལ་རྒྱས་ཤུགས་ཆེན་བཏང་ནས། གསར་དུ་རེ་ཞུ་བྱས་པའི་བོད་སྨན་རིགས113ཞིང་ཆེན་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབས་ཁོངས་ནང་བཅུག་ཏེ། ནད་པ་རྣམས་ལ་ཕན་བདེ་བསྐྲུན་བཞིན་ཡོད།

རྒྱུས་ལོན་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་སྤྱི་ལོ་2018ལོ་ནས་2019ལོའི་རྒྱལ་ཡོངས་སྨན་ཁང་གི་སྨན་བཅོས་འགན་བཅོལ་ཞབས་ཞུའི་ཚད་ལྡན་སྔོན་ཐོན་ལས་ཁུངས་ཞེས་པའི་གཟེངས་རྟགས་ཐོབ་རྗེས། བོད་སྨན་ཁང་གི་སྨན་བཅོས་འགན་བཅོལ་ལས་དོན་ལ་ཡང་བསྐྱར་གཏམ་བཟང་ཞིག་བསྣན་ཡོད་པ་སྟེ། སྤྱི་ལོ་2019ལོའི་ཟླ་9བར་བོད་སྨན་ཁང་གིས་ཡིག་ཐོག་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཆོག་མཆན་བཀོད་པ་བརྒྱུད། གསར་དུ་རེ་ཞུ་བྱས་པའི་བོད་སྨན་རིགས་113མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། བུ་བཙའི་འགན་བཅོལ་སྨན་རྫས་དཀར་ཆག་གི་ཁྱབ་ཁོངས་ནང་བཅུག་ཅིང་། མིག་སྔར་བོད་སྨན་ཁང་དུ་སྨན་བཅོས་འགན་བཅོལ་སྨན་རྫས་དཀར་ཆག་ནང་བཅུག་པའི་སྨན་རྫས་རིགས་336ལ་སོན་ཡོད། ཟླ་10བའི་ནང་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་རྩ་འཛུགས་བྱས་ནས་འཚོགས་པའི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་རིགས་སྣ་རྒྱ་སྐྱེད་དང་འབྲེལ་ཡོད་ཀྱི་ཆེད་མཁས་པའི་ཞིབ་དཔྱད་བྱ་བའི་ཚོགས་འདུའི་ཐོག སྣུམ་བྱུག་སྨན་བཅོས་བྱ་ཐབས་སོགས་བོད་སྨན་གྱི་སྨན་བཅོས་ཞབས་ཞུ་རྣམ་གྲངས་བཞི་སྔོན་གྱི་གཏོང་སྤྲོད་ཚད་གཞི་རིགས་གཉིས་པ་ནས་གཏོང་སྤྲོད་ཚད་གཞི་རིགས་དང་བོ་རུ་བསྒྱུར་བ་དང་། བོད་སྨན་གྱི་སེམས་ཁམས་མཛུབ་སྟོན་དང་བོད་སྨན་བྱད་བཅོས་ཏེ་བོད་སྨན་སྨན་བཅོས་ཞབས་ཞུ་རྣམ་གྲངས་གཉིས་གཏོང་སྤྲོད་ཚད་གཞི་རིགས་གསུམ་པ་ནས་གཏོང་སྤྲོད་ཚད་གཞི་རིགས་གཉིས་པར་བསྒྱུར་ཡོད།

མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནད་བརྟག་སྨན་བཅོས་རྣམ་གྲངས་ཀྱི་དཀར་ཆག་ནང་། བོད་སྨན་གྱི་སྨན་བཅོས་ཞབས་ཞུ་རྣམ་གྲངས་ཁྱོན་ཚན་པ་253ཡོད་པ་དང་། དེའི་ཁྲོད་སྨན་བཅོས་འགན་བཅོལ་གཏོང་སྤྲོད་རིགས་དང་བོ་དང་གཉིས་པ་ཚན་པ་240ཡོད་ལ། སྤྱིའི་རྣམ་གྲངས་ཀྱི་བརྒྱ་ཆའི་95ཟིན་ཡོད་པ་དང་། གཏོང་སྤྲོད་རིགས་གསུམ་པས་སྤྱིའི་རྣམ་གྲངས་བརྒྱ་ཆའི་5མ་གཏོགས་ཟིན་མེད། ད་ཐེངས་སྨན་རྫས་ཀྱི་སྨན་བཅོས་འགན་བཅོལ་དཀར་ཆག་བཟོས་པ་དང་བོད་སྨན་ནད་བརྟག་རྣམ་གྲངས་ཀྱི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་རིགས་སྣར་བསྒྱུར་བཅོས་བྱས་པ་ཡིས། ཕན་ནུས་ལྡན་པའི་ངང་མི་རིགས་སྨན་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དང་། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་བྱས་ཡོད།

སྨན་བཅོས་འགན་བཅོལ་ནི་མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་པ་དང་། སྨན་རིན་རྩིས་ཞུ་བྱེད་པ་ནི་མང་ཚོགས་ཀྱི་ཐོབ་ཚོར་དངོས་དེ་ཡིན། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཧུར་ཐག་སྒོས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་ཡིད་ལ་དམ་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཁྱིམ་ཚང་རེ་རེ་དང་མི་རེ་རེ་ལ་ཕན་ཁེ་ཐོབ་དུ་བཅུག་པ། རང་ཞིང་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་མི་རིགས་སྨན་ཁང་ནས་སྨན་བཅོས་བྱེད་ན་ཡང་དངོས་གནས་དྲང་གནས་ཀྱི་ཁེ་བཟང་ལོངས་སུ་སྤྱོད་ཐུབ་པ་བྱས་པས། ནད་པའི་སྨན་བཅོས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་བ་དང་། མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཀྱི་ཚོར་བ། བདེ་འཇགས་ཀྱི་ཚོར་བ་མཐོ་རུ་བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།