མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྨན་ཁང་ཁྲི་2ལྷག་ཙམ་ནས་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་ན་སྨན་རིན་ཐད་ཀར་མཇུག་རྩིས་རྒྱག་ཐུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་ལེན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་30ཡི་སྨན་བཅོས་ལས་ཁུངས་ཁྲི་2ལྷག་ཙམ་དང་ཞིང་ཆེན་བརྒལ་ནས་སྨན་ཁང་དུ་བསྡད་ན་སྨན་རིན་ཐད་ཀར་མཇུག་རྩིས་རྒྱག་ཐུབ་པ་དང་ཞིང་ཆེན་གྱི་སྨན་ཁང1087རྒྱལ་ཡོངས་ཀྱི་ཡུལ་གཞན་དུ་སྨན་བཅོས་མཇུག་རྩིས་དྲ་རྒྱའི་ནང་བཅུག་པས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཚོ་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཧ་ཅང་སྟབས་བདེ་བསྐྲུན་ཡོད་པ་རེད།

ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པ་དང་། མྱུར་བཅོས་ཀྱི་དགོས་མཁོ་དང་དེ་བཞིན་དུས་ཡུན་རིང་པོའི་ནང་ཞིང་ཆེན་གཞན་དུ་གནས་སྡོད་བྱེད་པའི་མཚོ་སྔོན་གྱི་འགན་བཅོལ་ནང་ཞུགས་པའི་མི་ཚོགས་དང་འབྲེལ་ཡོད་གཉེར་སྒྲུབ་སྡེ་ཚན་ལ་ཐོ་འགོད་སྙན་སེང་ཞུས་རྗེས་སྤྱི་ཚོགས་འགན་བཅོལ་བྱང་བུ་ཁྱེར་ནས་ཞིང་ཆེན་ཕྱིའི་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས་སུ་ཐད་ཀར་སྨན་བཅོས་བྱེད་ཆོག་པ་དང་འགན་བཅོལ་ནང་ཞུགས་ཡུལ་དུ་ཕྱིར་ལོག་ནས་སྨན་རིན་མཇུག་རྩིས་རྒྱག་མི་དགོས།

ཟླ་10བའི་ཟླ་མཇུག་བར། ཞིང་ཆེན་བརྒལ་ནས་སྨན་རིན་མཇུག་རྩིས་རྒྱག་པའི་ཞབས་ཞུ་མི་ཐེངས་ཁྲི2.4ལ་སླེབས་པ་དང་། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི62.81གིས་འཕར་ཡོད། སྨན་བཅོས་འགན་བཅོལ་ཐེབས་རྩ་སྒོར་དུང་ཕྱུར3.35བཀོལ་བ་དང་། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི60.19འཕར་ཡོད།

གཞན་ཡང་མཚོ་སྔོན་གྱིས་ད་དུང་ཧྲང་ཧའེ་དང་པེ་ཅིང་སོགས་དང་མཉམ་ལས་བྱས་ཏེ་སྨན་བཅོས་འགན་བཅོལ་མཉམ་ལས་ཀྱི་ལམ་སྲོལ་གསར་པ་བཙུགས་ནས་མང་ཚོགས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཞབས་ཞུ་སྔར་བས་ཇེ་ལེགས་སུ་བཏང་ཡོད།

མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བས་བསྟན་དོན། རྗེས་མར་སྨན་བཅོས་འགན་ལེན་གྱི་དབུལ་སྐྱོར་ལས་དོན་སྤེལ་ནས་ཡིག་ཚགས་དང་བྱང་བུ་ལྡན་པའི་དབུལ་ཕོངས་ཁྱིམ་ཚང་ཚང་མ་སྨན་བཅོས་འགན་བཅོལ་ནང་ཞུགས་ཐུབ་པ་དང་། སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་རེག་ཐུབ་པ་བྱས་ནས་སྨན་ཁང་དུ་བསྡད་རྗེས་སྨན་རིན་བརྒྱ་ཆའི90ཁ་གསབ་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།