གྲ་མ་ལུང་ནས་རིག་སྨོན་བར་གྱི་གཞུང་ལམ་རྒྱས་སྐྲུན་ལས་གཞི་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱས་པ།

untitled.png

འདི་ནི་གྲ་མ་ལུང་ནས་རིག་སྨོན་བར་གྱི་གཞུང་ལམ་ཐོག་གི་ཙོང་ཆུའི་ཟམ་ཆེན་གྱི་ལམ་དུམ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས3ཉིན།   དུས་ཡུན་ལོ4རིང་འཛུགས་སྐྲུན་བྱས་པ་དང་སྤྱིའི་ལམ་ཐག་སྤྱི་ལེ65.207ཡོད་པའི་གྲ་མ་ལུང་ནས་རིག་སྨོན་བར་གྱི་གཞུང་ལམ་རྒྱས་སྐྲུན་ལས་གཞི་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེས་མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་དྲ་བའི་ཐོག་བགྲོད་ལམ་གསར་པ་ཞིག་བསྣན་པ་མཚོན་ཡོད།

གྲ་མ་ལུང་ནས་རིག་སྨོན་བར་གྱི་གཞུང་ལམ་རྒྱས་སྐྲུན་ལས་གཞིའི་འགོ་འཛུགས་ས་ནི་ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་མདོ་པ་གྲོང་རྡལ་གྲ་མ་ལུང་སྡེ་བར་ཡོད་པ་དང་། ཟི་ལིང་ལྷོ་སྐོར་མྱུར་བགྲོད་གཞུང་ལམ་དང་བྱང་སྐོར་གཞུང་ལམ་དང་སྦྲེལ་མཐུད་བྱས་ཤིང་། བར་དུ་སྟོང་སྐོར་རྫོང་བརྒྱུད་ནས་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་བར་ཡིན་པ་དང་།  ལམ་ཐིག་ཧྲིལ་བོར་མྱུར་བགྲོད་གཞུང་ལམ་གྱི་ལག་རྩལ་ཚད་གཞི་སྤྱད་དེ་སྤྱིའི་ལམ་ཐག་ལ་སྤྱི་ལེ65.207ཡོད་པ་དང་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད30.40%ཡིན་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར79བཏང་ཡོད་པ་རེད། རྣམ་གྲངས་འཛུགས་སྐྲུན་བྱས་པ་དེས་རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་དྲ་བ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་གཞུང་ལམ་ལམ་ཆེན་གྱི་ཤར་གཏོང་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་དང་ཡུལ་སྐོར་སོགས་ལེགས་ལྡན་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་ཞིང་ཆེན་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། 

2015ལོའི་ཟླ12པར་རྣམ་གྲངས་ལས་འགོ་བཙུགས་པ་ནས་བཟུང་། རྣམ་གྲངས་འཛུགས་སྐྲུན་གྱིས་ས་ཆ་བསྡུ་ལེན་དང་བཤིག་སྤོ་བྱེད་དཀའ་བ་དང་། རང་བྱུང་ཁོར་ཡུག་རྙོག་འཛིང་ཆེ་བ། ཨར་ལས་ཆ་རྐྱེན་ཞན་པ། ལག་རྩལ་གྱི་བླང་བྱ་མཐོ་བ། ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཆེ་བ། བདེ་འཇགས་ཤར་བགྲོད་འགན་ལེན་གྱི་ལས་འགན་ལྕི་བ་སོགས“དཀའ་གནད་ཆེན་པོ་དྲུག”གཙོ་གནད་དུ་བཟུང་བ་དང་བདེ་འཇགས་དང་། སྤུས་ཚད། འཕེལ་རིམ། ཁོར་ཡུག་སྲུང་སྐྱོང་། སྲིད་དོན་གཙང་སྐྱོང་འཛུགས་སྐྲུན། འགྲིམ་འགྲུལ་བརྗེ་སྒྱུར། ཤར་བགྲོད་འགན་ལེན་སོགས་ཀྱི“འགག་རྩའི་ལྷུ་ཚིགས་བདུན”འབུར་དུ་ཐོན་པ་བྱས་ཏེ་ཕྱོགས་ཡོངས་དང་ཏན་ཏིག་ངང་ལས་དོན་ཁག་གཏིང་ཟབ་སྤེལ་ནས་རྣམ་གྲངས་འཛུགས་སྐྲུན་བདེ་བླག་ངང་ལེགས་གྲུབ་ཡོང་བ་དང2019ལོའི་ཟླ11པའི་ཚེས29ཉིན་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱེད་པར་འགན་ལེན་བྱས་པ་རེད། རྣམ་གྲངས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་ལག་རྩལ་གསར་པ་ཁག36དང་གསར་གཏོད་གྲུབ་འབྲས་ཁག33ཐོན་པ་དང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ལས་གཞི་ཁག17དང་རྒྱལ་ཁབ་རིམ་པའི་ཆེད་ཁེ་ཁག30བཅས་ཐོབ་ཡོད།

  ལམ་དེ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེས་མཚོ་བོད་འགྲིམ་འགྲུལ་གྱི་འགན་རྩའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་དང་། སྟོང་སྐོར་ནས་རིག་སྨོན་བར་གྱི་ལམ་མདོ་དང་དེ་བཞིན་སྟོང་སྐོར་རྫོང་གྲོང་གི་ཟུར་གསུམ་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་དང་ཉི་ཟླ་རི་བོའི་ཐུར་ལམ་སོགས་ཀྱི་བདེ་འཇགས་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་པ་རེད།། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།