མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་པའི་སློབ་གསོ་གསོ་སྦྱོང་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་12པའི་ཚེས་3ཉིན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་པའི་སློབ་གསོ་གསོ་སྦྱོང་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་ཟི་ལིང་དུ་འཚོགས་པ་རེད། ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་དང་གྲོང་ཁྱེར་གཉིས་དང་དེ་བཞིན་རྫོང(གྲོང་ཁྱེར་དང་ཆུས)39ཡི་ཞིང་ལས་གྲོང་གསེབ་གཙོ་གཉེར་སྡེ་ཚན་གྱི་འགན་འཁུར་བ་དང་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭའི་འགན་འཁུར་བ། ཞིང་ལས་དང་གྲོང་གསེབ་ཐིང་གི་འབྲེལ་ཡོད་གཞུང་སྒྲུབ་ཁང་དང་ཁོངས་གཏོགས་ཚན་པའི་འགན་འཁུར་བ། ཞིང་ཆེན་ཞིང་འབྲོག་ལས་ཡིད་རྟོན་དངུལ་བུན་ཁག་ཐེག་ཚད་ཡོད་ཀུང་སིའི་འགན་འཁུར་བ་དང་། ཞིང་ཆེན་རིམ་པའི་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་ལས་སྟེགས་ཀྱི་འབྲི་གཡག་དང་བོད་ལུག་གི་དབུ་བཞུགས་ཆེད་མཁས་པ་སོགས་མི་130ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ཚོགས་འདུའི་དམིགས་ཡུལ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱི་ཞིང་འབྲོག་པའི་སློབ་གསོ་གསོ་སྦྱོང་ལས་དོན་གྱི་ཉམས་མྱོང་དང་ཕན་འབྲས་ཕྱོགས་སྡོམ་དང་སྤེལ་རེས་བྱེད་པ། གོམ་སྟབས་རྗེས་མའི་ལས་ཀའི་བྱེད་ཐབས་བཀོད་སྒྲིག་བྱས་ནས་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2012ལོར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་ལས་རིགས་ཅན་གྱི་ཞིང་འབྲོག་པ་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱ་དགོས་པ་བཏོན་ཚུན་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་ཞིང་ཆེན་གྱི་གནས་ཚུལ་དང་། ཞིང་ལས་ཀྱི་གནས་ཚུལ། འབྲོག་པའི་གནས་ཚུལ་བཅས་ལ་དམ་པོར་དམིགས་ཏེ་ཡུལ་བབ་དང་བསྟུན་པའི་སློབ་ཁྲིད་བྱས་ནས་ལས་རིགས་ཅན་གྱི་ཞིང་འབྲོག་པའི་དཔུང་ཁག་གསར་པ་ཁག་ཅིག་སྐྱེད་སྲིང་བྱས་ཡོད། རིམ་རྩིས་བྱས་ན་ལས་རིགས་ཅན་གྱི་ཞིང་འབྲོག་པ་གསར་པ་ཁྲི་9.4གསོ་སྦྱོང་བྱས་པ་དང་མི་ཐེངས་ཁྲི་1.7གཏན་འཁེལ་བྱས་པ་བརྒྱུད་ལས་རིགས་ཅན་གྱི་ཞིང་འབྲོག་པ་གསར་པ་དག་ཞིང་འབྲོག་པའི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་བའི་སྔོན་སྐྱོད་པ་དང་། ལག་རྩལ་གསར་པ་དང་སྒྲིག་ཆས་གསར་པ་སྤྱོད་པའི་སྣེ་ཁྲིད་པ། ཞིང་འབྲོག་ལས་གཉེར་སྐྱོང་བྱེད་མཁན་གྱི་ལག་ལེན་པ་བཅས་སུ་གྱུར་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།