མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོའི་དཔེ་ཀློག་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11ཚེས25ནས་ཚེས29ཉིན་བར། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོའི་དཔེ་ཀློག་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས་པ་རེད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་རིམ་པ་ནས་ཡོང་བའི་རྒྱ་རིགས་དང་། བོད་རིགས། ཧུའེ་རིགས། ཧོར་རིགས། སོག་རིགས། ས་ལར་སོགས་མི་རིགས་ཀྱི་གཞི་རིམ་རྩོམ་པ་པོ80ལྷག་ཙམ་ཟི་ལིང་དུ་འཛོམས་ཏེ་ཆེད་མཁས་པ་དང་། མཁས་དབང་། རྩོམ་པ་པོ་བཅས་ཀྱི་སློབ་ཁྲིད་ལ་སྤྲོ་བ་ཆེན་པོས་མཉན།

མཚོ་སྔོན་རྩོམ་པ་པོའི་དཔེ་ཀློག་གསོ་སྦྱོང་འཛིན་གྲྭ་བསྟུད་མར་སྐབས་བཅུ་ལ་གཉེར་ནས། མཚོ་སྔོན་གྱི་རྩོམ་པ་པོ་དར་གཞོན་འཚར་ལོངས་འཕེལ་རྒྱས་འབྱུང་བར་གོ་སྐབས་དང་སྟེགས་བུ་ཡག་པོ་མཁོ་འདོན་བྱས་སྟབས། སློབ་མ་མང་པོ་ཞིག་མཚོ་སྔོན་གྱི་རྩོམ་རིག་གསར་རྩོམ་གྱི་རྐང་འཛིན་དཔུང་སྡེ་དང་སྟོབས་ཤུགས་གསར་པར་གྱུར་པ་མ་ཟད། སློབ་མ་ཁག་གཅིག་གིས་རྒྱལ་ཡོངས་རྩོམ་རིག་དུས་དེབ་གྲགས་ཅན་ཐོག་ཏུ་ཡང་རྩོམ་རྩལ་ངོམ་དང་ངོམ་བཞིན་ཡོད།

གསོ་སྦྱོང་བྱས་པ་བརྒྱུད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་བཤད་དོན། རྐང་རྩལ་ཧུར་ཐག་གིས་སྦྱོང་བ་དང་། མིག་ཤུགས་བསྟུད་མར་མཐོར་འདེགས་པ། ཀླད་ཤུགས་རྒྱུན་མཐུད་ངང་ཆེར་སྐྱེད་པ། བློ་རྩེ་གཅིག་སྒྲིམ་གྱིས་སྨྱུག་རྩལ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། དུས་རབས་ཀྱི་འཕོ་འགྱུར་ཁོང་དུ་ཆུད་པ་དང་། དུས་རབས་ཀྱི་འབོད་སྒྲར་ལེགས་པར་མཉན་པ། མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་བཤད་ནས་རྩོམ་རྒྱུ་ལེགས་ཤིང་ཀུན་སྤྱོད་ཀྱིས་ཕྱུག་པ། བརྩེ་བས་ཟིན་ལ་དགོངས་གཞི་ཟབ་པའི་བརྩམས་ཆོས་རྩེ་གྲ་གསར་རྩོམ་བགྱིས་ཏེ་མཚོ་སྔོན་རྩོམ་རིག་གི་མཐོ་རླབས་གསར་པ་ཧུར་ཐག་གིས་བསྐྲུན་དགོས་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།