མཚོ་སྔོན་པད་ཁའི་ཐོན་ལས་མནའ་འབྲེལ་ཚོགས་པ་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་གྱི་པད་ཁའི་ཐོན་ལས་མནའ་འབྲེལ་ཚོགས་པ་བཙུགས་ཤིང་། ཐོན་ལས་འཕེལ་རྒྱས་ཀྱི་གླེང་སྟེགས་ཚོགས་ཆེན་ཟི་ལིང་དུ་འཚོགས་པ་རེད། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པའམ་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝང་ཧན་ཀྲུང་གིས་བརྗོད་དོན་གཏམ་བཤད་གནང་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏེ་ཀྲི་ཡིས་གསུང་བཤད་གནང་བ་རེད།

 ཏུའུ་ཏེ་ཀྲི་ཡིས་བཤད་རྒྱུར། པད་ཁ་ནི་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་སྐྱེ་དངོས་གཙོ་བོ་དེ་ཡིན། ལོ་མང་བོའི་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་། ཞིང་ལས་དང་གྲོང་གསེབ་པུའུ། ཚན་རྩལ་པུའུ། ཀྲུང་གོ་ཞིང་ལས་ཚན་རིག་ཁང་སོགས་འབྲེལ་ཡོད་སྡེ་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག མཚོ་སྔོན་ཞིང་ཆེན་གྱིས་པད་ཁའི་ཐོན་ལས་དེ་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་འཕེལ་རྒྱས་ཐོན་ལས་ཆེ་གྲས་བཅུའི་གྲས་སུ་བཅུག་ནས། པད་ཁའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་ཏེ་པད་ཁའི་ཐོན་ལས་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། སྔ་རྗེས་སུ“སྔོ་འདྲེས”རིགས14ཡི་ཟུང་དམའ་རྒྱུད་འདྲེས་པད་ཁ་འདེབས་གསོ་བྱས་པ་དང། རྒྱལ་ཡོངས་ཀྱི་དཔྱིད་འདེབས་པད་ཁ་ཁུལ་དུ་ལོ་ལྟར་ཁྱབ་གདལ་བཏང་བས་རྒྱ་ཁྱོན་སྤྱི་ཆིང་ཁྲི26.67ཙམ་ཟིན་ཞིང་། དེས་དཔྱིད་འདེབས་པད་ཁ་ཁུལ་དུ་རྒྱུད་འདྲེས་པད་ཁ་འདེབས་གསོ་ཡི་རྒྱ་ཁྱོན་སྤྱིའི85%ཡན་ཟིན་ཡོད། རིམ་རྩིས་བྱས་ན་ཁྱབ་གདལ་བཏང་བའི་རྒྱ་ཁྱོན་སྤྱི་ཆིང་ཁྲི53.33ལྷག་ཙམ་ཟིན་ཞིང་ཞིང་པར་འབབ་འཕར་སྒོར་དུང་ཕྱུར80ཡན་ཐོན་ཡོད།

གླེང་སྟེགས་ཀྱིས“སྣོད་བཅུད་ཞིང་འབྲོག ལྗང་མདོག་འཕེལ་རྒྱས། སྤུས་འཕར་འབྲས་ཐོན། མཉམ་གཏོད་མཉམ་རྒྱལ”བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་ཀྲུང་གོ་ཞིང་ལས་ཚན་རིག་ཁང་སྣུམ་རྒྱུ་སུའོ་ཡི་སུའོ་ཀྲང་ཧོང་ཧྥུན་ཧུང་དང་། ཞིང་ལས་དང་གྲོང་གསེབ་པུའི་ནན་ཅིང་ཞིང་འཕྲུལ་ཅན་ཞིབ་འཇུག་སུའོ་ཡི་ཝུའུ་ཁྲུང་ཡིའུ་བཅས་ཀྱིས་སོ་སོར་གཏམ་བཤད་གནང་། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།