མཚོ་སྔོན་ཞིང་ཆེན་གྱིས་ཐུར་ཁེའི་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་ཤུགས་སྣོན་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་བྱ་རྒྱུ་དེ་རང་རེའི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མ་གྲོས་གཅིག་མཐུན་བྱུང་ཡོད། ང་ཚོས་ཀྲུང་གོའི་མཚོ་སྔོན་དང་དཔལ་འབྱོར་ཚོང་དོན་དང་། རིག་གནས། ཡུལ་སྐོར་སོགས་ཀྱི་མཉམ་ལས་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རེ་བ་བྱེད་ཀྱི་ཡོད། ཟླ12པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་སྐུལ་སྤེལ་ཚོགས་པས་རྩ་འཛུགས་བྱས་པའི་ཀྲུང་གོའི་མཚོ་སྔོན་དང་ཐུར་ཁེའི་དཔལ་འབྱོར་ཚོང་དོན་མཉམ་མྱོང་བརྗེ་རེས་ཚོགས་འདུ་ཟི་ལིང་དུ་འཚོགས་པ་རེད། ཐུར་ཁེའི་འཐུས་མི་ཚོགས་པས་མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་དང་། ཞིང་ལས་དང་གྲོང་གསེབ། རིག་གནས་ཡུལ་སྐོར་སོགས་སྡེ་ཁག་གི་འཐུས་མིས་མཚོ་སྔོན་གྱི་མ་རྐང་འཇོག་པའི་ཡུལ་སྐོར་ཁོར་ཡུག་དང་མ་རྐང་གཙོ་བོ་འཇོག་པའི་ཚོང་དོན་མཉམ་ལས་རྣམ་གྲངས་སོགས་ཀྱི་ཐད་ལ་ཉམས་མྱོང་སྤེལ་རེས་བྱས་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་། ལྷག་པར་དུ་ཐུར་ཁེ་སོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་དང་སྤྱི་ཚོགས་ཀྱི་རིག་གནས་བསམ་བློ་བརྗེ་རེས་དང་མཉམ་ལས་བྱེད་རྒྱུ་ཉིན་བཞིན་རྒྱ་ཆེ་རུ་འགྲོ་བཞིན་ཡོད། 2018ལོར་མཚོ་སྔོན་ཞིང་ཆེན་གྱིས་ཐུར་ཁེར་ཕྱིར་གཏོང་ནང་འདྲེན་བྱས་པའི་བསྡོམས་འབོར་ཨ་སྒོར་ཁྲི566ཟིན་ཡོད་ལ་། དེ་གཙོ་བོ་ལྕགས་རིགས་བསྲེས་མ་ཡིན་པ་རེད། ཐུར་ཁེའི་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། བཟོ་ལས་དང་ཞིང་ལས་ཀྱི་རྨང་གཞི་བཟང་བ། ཡུལ་སྐོར་ལས་རིགས་ཧ་ཅང་དར་རྒྱས་ཆེ་བ་བཅས་ནི་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཟླ་གྲོགས་གལ་ཆེན་ཞིག་ཡིན་པས་མཚོ་སྔོན་དང་མཉམ་ལས་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་དང་ཐུར་ཁེའི་ཚོང་དོན་ལས་འཛིན་ལྷན་ཚོགས་འབྲེལ་གཏུག་གཞུང་དོན་ཁང་གི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་དང་ཐུར་ཁེའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་ཁུལ་བར་མཛའ་གྲོགས་གྲོང་ཁྱེར་འཛུགས་རྒྱུར་སྐུལ་འདེད་བཏང་ནས། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་རིག་གནས་ཡུལ་སྐོར་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་མཚོ་སྔོན་གྱི་བཞུགས་མོལ་ཚོགས་འདུ་དང་སྣོད་བཅུད་དངོས་མང་སྟོན་ཚོགས་སོགས་དཔལ་འབྱོར་ཚོང་དོན་སྤེལ་རེས་ལས་སྟེགས་ལ་བརྟེན་ནས། མཚོ་སྔོན་དང་ཐུར་ཁེས་ཡང་བའི་བཟོ་ལས་དང་འཁེལ་འཐག་དང་། ཞིང་ཕྱུགས་ཐོན་རྫས། ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ། ཆ་འཕྲིན་ལག་རྩལ། ཁོར་ཡུག་བདག་སྐྱོང་། དེ་བཞིན་དེང་རབས་ཞབས་ཞུའི་ལས་རིགས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ཀྱི་སྦྲེལ་མཐུད་དང་འཕར་གཞི་གསར་པ་སྐྱེད་སྲིང་བྱ་དགོས།

གཞན་ཡང་མཚོ་སྔོན་ཞིང་ཆེན་གྱིས་ད་དུང་གོམ་གང་མདུན་སྤོས་ཀྱིས་ཐུར་ཁེ་དང་རིམ་པ་མང་བ་དང་ཁྱབ་ཁོངས་ཆེ་བའི་སྤྱི་ཚོགས་ཀྱི་རིག་གནས་མཉམ་ལས་ལམ་སྲོལ་སྔར་བས་འཛུགས་སྐྲུན་བྱེད་པ་དང་། རིག་གནས་དང་ཡུལ་སྐོར་སོགས་ཁྱབ་ཁོངས་མང་བའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དམངས་ཁྲོད་ཀྱི་འགྲོ་འོང་དང་མཉམ་ལས་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རྨང་གཞི་སྔར་བས་ཇེ་བརྟན་དུ་གཏོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།