རྫ་སྟོད་རྫོང་ལ“ཀྲུང་གོའི་བོད་རིགས་ལ་གཞས་ཀྱི་ཕ་ས”ཞེས་པའི་མཚན་སྙན་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ལ“ཀྲུང་གོའི་བོད་རིགས་ལ་གཞས་ཀྱི་ཕ་ས”ཞེས་པའི་མིང་དངོས་སུ་བཏགས་པ་རེད། ཐེངས་འདིར་དེ་ལྟར་མིང་བཏགས་པ་དེས་རྫ་སྟོད་དང་རིག་གནས་སྡེ་ཚན་གྱིས་ལ་གཞས་རིག་གནས་ལ་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་སྲིད་པ་དང་། རྫ་སྟོད་རྫོང་གི་བོད་རིགས་ཀྱི་ལ་གཞས་རྒྱུན་འཛིན་དང་ཁྱབ་སྤེལ་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་ཐུབ་རྒྱུ་རེད།

རྫ་སྟོད་རྫོང་ནི་རྫ་ཆུའི་ཆུ་མགོར་གནས་པའི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་རྫོང་ཞིག་ཡིན་ཞིང་། དེར་ཐུན་མོང་མ་ཡིན་པའི་རང་བྱུང་ས་དབྱིབས་དང་མི་ཆོས་རིག་གནས་ཀྱི་ཁོར་ཡུག་ལྡན་ཡོད་ཅིང་། བོད་རིགས་ལ་གཞས་ཀྱི་གཞས་གདངས་ཕུན་སུམ་ཚོགས་ལ་གཞས་པ་མང་པོ་ཡོད། ས་གནས་དེ་གའི་ཕུན་སུམ་ཚོགས་པའི་བོད་རིགས་ཀྱི་ལ་གཞས་ཐོན་ཁུངས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ཀྱི་བང་མཛོད་གྲུབ་པ་དང་། དེའི་ནང་དོན་སྤྱི་ཚོགས་འཚོ་བའི་ཕྱོགས་ཡོངས་དང་འབྲེལ་བ་ཡོད་པས་དམངས་ཁྲོད་རིག་གནས་ཀྱི་ཤེས་བྱ་ཀུན་འདུས་ཞེས་བརྗོད་ཆོག ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་རྫ་སྟོད་རྫོང་གིས་བོད་རིགས་ཀྱི་ལ་གཞས་རྒྱུན་འཛིན་དང་ཁྱབ་སྤེལ་ལས་དོན་ཐད་ཚད་མཐོའི་མཐོང་ཆེན་བྱས་ནས་དམངས་ཁྲོད་ཀྱི་ལ་གཞས་སྔོག་འདོན་དང་། འཚོལ་བསྡུ། ལེགས་སྒྲིག་བཅས་ཀྱི་ཐད་ཧུར་ཐག་བྱས་པ་དང་། ལ་གཞས་མཐུན་ཚོགས་བཙུགས་ནས་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་གཏན་འཁེལ་བྱས་པ་དང་།ལ་གཞས་སློབ་གྲྭར་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད། དམངས་ཁྲོད་ཀྱི་བོད་རིགས་ལ་གཞས་ཀྱིས“ཀྲུང་གོའི་བོད་རིགས་ལ་གཞས་ཀྱི་ཕ་ས”ཡི་རིག་གནས་ཀྱི་གདེང་ཚོད་གང་ལེགས་མངོན་པ་དང་རྫ་སྟོད་རྫོང་གི་རིག་གནས་ཀྱི་འཇམ་ཤུགས་གང་ལེགས་མངོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།