མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་རྩྭ་ཐོན་སྐྱེད་བྱེད་པའི་གོ་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་ཕལ་ཆེར་མངོན་འགྱུར་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་རང་ཞིང་གི་ཕྱུགས་རྩྭ་ཐོན་སྐྱེད་ཀྱི་རྨོ་བསྡུ་སོགས་ཀྱི་སྣ་འཛོམས་ལས་རིམ་འཕྲུལ་ཆས་ཅན་གྱི་ཚད90%ཡན་དུ་སླེབས་པས། ཕལ་ཆེར་གོ་རིམ་ཧྲིལ་པོར་འཕྲུལ་ཆས་ཅན་མངོན་འགྱུར་བྱུང་ཡོད་པ་དང་། ཕྱུགས་རྩྭ་ཐོན་སྐྱེད་ཀྱི་གོ་རིམ་ཧྲིལ་པོར་འཕྲུལ་ཆས་ཅན་གྱི་ལག་རྩལ་བེད་སྤྱོད་དང་ཁྱབ་སྤེལ་བྱེད་ཐབས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས“འབྲུ་བསྒྱུར་གཟན”གྱི་འགུལ་སྐྱོད་ལྟེ་བར་བཟུང་ནས་ཕྱུགས་རྩྭ་ཐོན་སྐྱེད་ཀྱི་གོ་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་འགྱུར་བར་ཤུགས་ཆེན་པོས་སྐུལ་འདེད་བྱས་པ་དང་། ས་ཁོངས་མི་གཅིག་པའི་ཕྱུགས་རྩྭ་ཐོན་སྐྱེད་ཀྱི་གོ་རིམ་ཧྲིལ་པོར་འཕྲུལ་ཆས་ཅན་དུ་བསྒྱུར་བའི་ཐག་གཅོད་ཇུས་གཞི་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས་འཕྲུལ་ཆས་ཅན་དུ་བསྒྱུར་བའི་ཚད་མུ་མཐུད་དུ་འཕར་བ་རེད། ཁྱད་པར་དུ2016ལོ་ནས་བཟུང་། ཞིང་ཆེན་ཡོངས་ནས་བསྟུད་མར་ཕྱུགས་རྩྭ་ཐོན་སྐྱེད་ཀྱི་ལས་རིམ་ཆ་ཚང་འཕྲུལ་ཆས་ཅན་དུ་བསྒྱུར་བའི་ལག་རྩལ་ཡུལ་དངོས་དངོས་སྦྱོང་བྱ་འགུལ་དང་། འཕྲུལ་ཆས་ཀྱིས་ཞིང་ཚིགས་ནས་ཐོན་སྐྱེད་བྱེད་པའི་ཉིན་མོའི་བྱ་འགུལ་སྤེལ་བ་དང་། ཕྱུགས་རྩྭ་འཕྲུལ་ཆས་གྱིས་ཐོན་སྐྱེད་རྨོ་འདེབས་བྱེད་པ་ནས་ཕྱུགས་རྩྭ་བསྡུ་བ། ཉི་མར་སྐམ་པ། གཅིག་སྡུད། ཤོག་རྒྱག་པ། ཐུམ་རྒྱག་པ་སོགས་ཀྱི་གོ་རིམ་ཧྲིལ་པོར་འཕྲུལ་ཆས་ཅན་གྱི་ལག་རྩལ་དང་སྒྲིག་ཆས་ཁྱབ་སྤེལ་དང་དཔེ་སྟོན་བྱས་པས། ཕྱུགས་རྩྭ་ཐོན་སྐྱེད་འཕྲུལ་ཆས་ཅན་དུ་བསྒྱུར་བའི་ཆུ་ཚད་རྒྱུན་མཐུད་ནས་མཐོར་འདེགས་ཡོང་བ་མངོན་འགྱུར་བྱས།

2018ལོར་མཚོ་སྔོན་ཞིང་ཆེན་གྱིས་གསར་དུ་ཕྱུགས་རྩྭ་བསྡུ་ཉར་འཕྲུལ་ཆས་དང་། ཕྱུགས་རྩྭ་ལས་སྣོན་འཕྲུལ་ཆས་སྒྲིག་ཆས་ཆ་ཚང183ཉོ་སྒྲུབ་བྱས་པར་ཁ་གསབ་མ་དངུལ་སྒོར་ཁྲི674.34བྱིན། རོང་འབྲོག་པ་དང་། ཞིང་ཕྱུགས་ལས་ཐོན་སྐྱེད་མཉམ་ལས་རྩ་འཛུགས་ཀྱིས་སྒོར་ཁྲི1436.34གཏོང་བར་ཡར་སྐུལ་བྱས། ཀོས་ནན་རྫོང་དང་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་སོགས་རྫོང6ལ་ཞིང་ལས་ཞིང་སྡེ་པུའུ་ཡིས“རྒྱལ་ཡོངས་ཀྱི་སྐོར་གསུམ་པའི་ཐོག་མར་ཞིང་ལས་ལོ་ཏོག་གཙོ་བོའི་ཐོན་སྐྱེད་ལས་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་བསྒྱུར་བ་ཕལ་ཆེར་མངོན་འགྱུར་བྱུང་བའི་དཔེ་སྟོན་རྫོང”གི་མཚན་སྙན་གནང་།

མིག་སྔར།མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་འཕྲུལ་ཆས་ཁྱབ་སྤེལ་སྡེ་ཁག་གིས་འཚོལ་ཞིབ་བྱས་ནས།ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་དང་། དཔེ་སྟོན་ཁྱབ་སྤེལ་ལ་ཕན་ཐོགས་པ། སྲིད་ཇུས་ཀྱི་མ་ལག་ཆ་ཚང་ཡོད་པའི་ཕྱུགས་རྩྭ་ཐོན་སྐྱེད་ཀྱི་གོ་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་བསྒྱུར་བའི་འཕེལ་རྒྱས་སུ་གཏོང་སྟངས་གསར་པ་གྲུབ་ཡོད་པར་མ་ཟད། 《ཕྱུགས་རྩྭ(ཡུག་པོ)ཐོན་སྐྱེད་ཀྱི་གོ་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་བསྒྱུར་བའི་ལག་རྩལ་མཛུབ་སྟོན་བསམ་འཆར》དང་དེའི་ཆ་སྡེབ་འཕྲུལ་ཆས་ཁྱབ་སྤེལ་བྱེད་པའི་དཀར་ཆག་དཔར་འགྲེམ་བྱས། གཅིག་བསྡུས་སྒོས་གཟན་ཆས་སྔོན་པོ་བསྡུ་བ་དང་། སྔོ་རྩྭ་གསོག་ཉར་དང་ཐུམ་རྒྱག་པ། སྔོ་རྩྭ་སྐམ་པོར་ཤོག་རྒྱག་པ། ཕྱུགས་རྩྭ་བསིལ་སྐམ་བྱེད་པ་སོགས་འཕྲུལ་ཆས་ཅན་གྱི་ལག་རྩལ་དང་། ཐོན་སྐྱེད་བཟོ་རྩལ་དང་ཆ་སྡེབ་འཕྲུལ་ཆས་ལག་རྩལ་ཁྱབ་སྤེལ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།