ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བྱེད་པའི་ཆེད་དོན་ཚོགས་འདུར་གཙོ་སྐྱོང་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བྱེད་པའི་ཆེད་དོན་ཚོགས་འདུར་གཙོ་སྐྱོང་གནང་ཞིང་། ཉེ་དུས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད། ལིག་ཉིང་གིས་ནན་གྱིས་བཤད་དོན། ཐོག་མའི་འགན་འཁྲི་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་པ། ཡིད་ཆེས་བརྟན་པོ་བཅས་བྱས་ནས་ད་ཡོད་ཀྱི་བྱ་ཐབས་དོན་འཁྱོལ་དང་ནུས་པ་ཐོན་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་ལོ་འཁོར་གཅིག་གི་དམིགས་ཚད་ལས་འགན་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱ་དགོས་པར་བསྟན།

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཚོགས་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ནོར་སྲིད་ཐིང་། སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིང་། འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཞིང་ལས་དང་གྲོང་གསེབ་ཐིང་། ཚོང་དོན་ཐིང་། ས་གནས་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུའུ། ཟི་ལིང་གྲོང་ཁྱེར་སྲིད་གཞུང་སོགས་ཀྱི་སྙན་ཞུའི་གཏམ་བཤད་ལ་གསན་རྗེས། ལིག་ཉིང་གིས་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་མུ་མཐུད་ཆེ་རུ་འགྲོ་བའི་དུས་བབ་ཀྱི་མདུན་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་གོང་འོག་གི་སྣེ་ཁྲིད་དེ་དམིགས་ཚད་ཕྱོགས་སྟོན་མཐའ་འཁྱོངས་དང་འགག་རྩའི་ཁྱབ་ཁོངས་དང་ཉམས་ཞན་གནད་འགག་ལ་དམིགས་ཏེ་འགན་འཁྲི་སྔར་བས་ནན་དུ་བཏང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་འགག་སྒྲོལ་གྱི་རྣམ་པ་བཟང་པོ་ཞིག་ཆགས་ཏུ་འཇུག་དགོས་པར་གསུང་།

ལིག་ཉིང་གིས་ཟླ་བ་བཅུ་གཉིས་པ་ནི་ལོ་གཅིག་གི་མཇུག་བསྡུ་བའི་གལ་ཆེའི་ལས་འགན་གྱི་དུས་སྐབས་ཤིག་ཡིན་པས། ས་ཁུལ་ཁག་གི་སྡེ་ཚན་ཁག་དང་ལྷག་པར་དུ་ཟི་ལིང་གྲོང་ཁྱེར་སོགས་གཙོ་གནད་ས་ཁུལ་གྱིས་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཐུན་སྦྱོར་བྱས་ཏེ། ནུས་ལྡན་མཁན་གྱིས་ནུས་པ་འདོན་པ་དང་། བློ་གྲོས་ཅན་གྱིས་བློ་བྲོས་འདོན་པ་བཅས་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱ་དགོས། ཐོག་མའི་ཕུགས་འདུན་མི་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་པར་བྱས་ཏེ། གནད་འཁེལ་དབུལ་སྐྱོར་གྱི་དོན་སྙིང་དེ་ལས་རིགས་ཁག་ཏུ་རྒྱ་ཆེར་བཏང་སྟེ་གནད་དུ་འཁེལ་བའི་སྒོ་ནས་ལས་རིགས་ཁག་གི་འཕེལ་རྒྱས་གཏོང་བ་དང་ཞིབ་ཚགས་ཅན་གྱི་ལས་དོན་སྒྲུབ་པ། འབྱུང་ཁུངས་གསར་གཏོད་དང་གནོན་ཤུགས་མང་དུ་གཏོང་རྒྱུ་གཉིས་མཉམ་དུ་སྤེལ་ནས་ད་ཡོད་བྱ་ཐབས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱ་དགོས། གཞི་གྲངས་ཀྱི་སྤུས་ཚད་ལ་ཤུགས་སྣོན་རྒྱབ་ནས་གཞི་གྲངས་གཅིག་གྱུར་ཡོང་བར་འགན་ལེན་བྱ་དགོས། སང་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཞིག་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བའི་ལོ་གལ་ཆེན་ཞིག་ཡིན་པས་དམ་པ་དོན་གཉེར་དང་། འགན་འཁྲི་འཁུར་བ། ཇུས་འགོད་ནན་ཏན་བཅས་བྱས་ནས་སྔར་བས་ཚན་རིག་དང་མཐུན་པ་དང་། ཁ་གསལ། ནུས་ལྡན་བཅས་ཀྱི་ལས་ཀའི་དམིགས་ཚད་བཟོ་དགོས། གཙོ་གནད་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་རྨ་ཆུ་བཞུར་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་སོགས་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་གྱིས་གཙོ་གནད་མངོན་གསལ་དོད་པོ་དང་ཞན་ཆར་གསབ་བཅོས་བྱས་ནས་ལོ་བརྒྱ་ཕྲག་གཅིག་གི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱས་ཏེ་འབྱུང་འགྱུར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་འདིང་དགོས་པར་བསྟན། །

ཡན་ཅིན་ཧའེ་དང་། ཁོང་ཡུས། ཝང་ལི་མིང་། ཐེན་ཅིན་ཁྲེན་བཅས་ཀྱང་ཚོགས་འདུར་ཞུགས་ཡོད་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།