ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་ཉིན་ཤས་གོང་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་གཡོ་ལེན་བྱས་པའི་ཁྲོད་གྲངས་འབོར་ཅུང་ཆེ་བ་དང་དུས་ཡུན་ཅུང་རིང་བའི་དཔེ་མཚོན་གྱོད་གཞི་ཞིག་རྩད་ཆོད་པ་རེད། གྲོང་མི་བན་ཆེ་གེ་མོས་རང་ཉིད་ཀྱི་ཕ་འདས་བའི་དོན་དངོས་སྦ་གསང་བྱས་ནས2008ལོའི་ཟླ1ནས2018ལོའི་ཟླ7པའི་བར་བན་ཆེ་གེ་མོའི་ལས་འཁྱུར་གླ་ཕོགས་གཡོ་ལེན་བྱས་པ་སོགས་ཀྱི་གྲོན་དངུལ་སྒོར6470Z31ཟིན་ཡོད་པ་རེད། མིག་སྔར་ཉེས་གསོག་དོགས་ཅན་གཉིས་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་ཉེས་དོན་བཙན་ཐབས་བྱས་ཡོད།
2017ལོར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ལ་མིང་མེད་ཐེར་འདོན་ཡི་གེ་འབྱོར་ནས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གི་བན་ཆེ་གེ་མོས་རང་ཉིད་ཀྱི་ཕ་འདས་བའི་དོན་དངོས་སྦ་གསང་བྱས་ནས་དུས་ཡུན་རིང་པོའི་ནང་ལས་འཁྱུར་ངལ་གསོའི་དངུལ་གཡོ་ལེན་བྱས་པ་རེད། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིབ་དཔྱད་བྱས་པ་བརྒྱུད་བན་ཆེ་གེ་མོར་ཉེས་གསོག་དོགས་གཞི་ཡོད་པས2018ལོའི་ཟླ10ཚེས16ཉིན་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲད་བྱས་པ་རེད།
མྱུལ་ཞིབ་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས2008ལོའི་ཟླ1པོར་བན་ཆེ་གེ་མོ་ཚེ་ལས་འདས་རྗེས་ཁོང་གི་བཟའ་ཟླ་ལིས་གེ་མོ་དང་ཁོང་གི་བུས་གནས་དེའི་སྤྱི་བདེ་མངགས་གཏོང་ཁང་དུ་ཐེམ་ཐོ་མེད་པར་བཟོས་མེད་པ་དང་། འབྲེལ་ཡོད་གཏན་འབེབས་ལྟར་བན་གེ་མོ་གནས་སའི་ལས་ཁུངས་ལ་གནས་ཚུལ་གསལ་བཤད་བྱས་མེད་པ་མ་ཟད། ད་དུང་བན་ཆེ་གེ་མོ་གསོན་པོར་གནས་ཡོད་པའི་བདེན་དཔང་རྫུན་མ་བཟོས་ཡོད་པ་རེད། 2008ལོའི་ཟླ1པོ་ནས2018ལོའི་ཟླ7པའི་བར་བན་ཆེ་གེ་མོའི་ལས་འཁྱུར་གླ་ཕོགས་དང་། སྨན་བཅོས་འགན་བཅོལ། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་གྲོན་དངུལ་ཁྱོན་བསྡོམས་སྒོར647044.31གཡོ་ལེན་བྱས་པ་རེད།
ཉེས་གསོག་དོགས་ཅན་ལིས་ཆེ་གེ་མོ་དང་བན་ཆེ་གེ་མོ་གཉིས་ཀྱིས་གྱོད་གཞིའི་རྗེས་ཉེས་གསོག་གི་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་མ་ཟད། གྱོད་འབྲེལ་མ་དངུལ་ཚང་མ་ཕྱིར་སློག་བྱས། མཐར་གྱོད་གཞི་དེ་གཡོ་ལེན་ཉེས་པར་གཏན་འཁེལ་བྱས་པ་རེད། ཟླ11ཚེས29ཉིན་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་གྱོད་གཞིར་འདྲི་ཞིབ་བྱས་པ་རེད།
གྱོད་གཞི་མྱུལ་ཞིབ་ཀྱི་འགན་འཁུར་མཁན་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་དཔལ་འབྱོར་མྱུལ་ཞིབ་རུ་ཆེན་གྱི་རུ་དཔོན་གཞོན་པ་ཆིན་ཅི་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། གྱོད་གཞི་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་ཧམ་ལེན་གཡོ་ལེན་བྱས་པའི་དཔེ་མཚོན་གྱོད་དཔེ་ཞིག་ཡིན་པས་ཉེན་བརྡའི་དོན་སྙིང་ཟབ་མོ་ལྡན་ཡོད། “ཚེ་ལས་འདས་རྗེས་སྤྱི་ཚོགས་འགན་བཅོལ་དངུལ་དང་གླ་ཕོགས་མི་སྒེར་ལ་མི་དབང་བ་ཡིན་ལ། སྤྱི་ཚོགས་འགན་བཅོལ་ཐེབས་རྩ་གཡོ་ལེན་བྱས་ནས་གྲངས་འབོར་ངེས་ཅན་ཞིག་ཟིན་ཚེ་ཉེས་དོན་ཉེས་གསོག་ཡིན་པ་མ་ཟད། ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས། ”ཅེས་ཆིན་ཅི་ཝུའེ་ཡིས་བཤད། །
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
མཚོ་སྔོན་ཉེན་རྟོག་གིས་འདས་པོའི་ནང་མིས་ལོ10ཡི་རིང་སྒོར་ཁྲི60ལྷག་གཡོ་ལེན་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་པ།