ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས29ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ན་ནིང་ཟླ11པ་ནས་འདི་ལོའི་ཟླ11པའི་བར་མཚོ་སྔོན་ཞིང་ཆེན་དུ་འཕྲུལ་སྒུལ་རླངས་འཁོར98034ཇེ་མང་དུ་ཕྱིན་པ་དང་ཁ་ལོ་བ101599ཡིས་མང་དུ་ཕྱིན་ཡོད་པ་རེད།
གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི་ཟླ6པ་ནས་བཟུང་། ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་གིས་སྤྱི་བདེ་པུའུ་ཡི་འགྲིམ་འགྲུལ་དོ་དམ་ཅུའུ་ཡི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས། ཟླ6པའི་ཚེས1ཉིན་ནས་བཟུང“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་བྱེད་ཐབས་གསར་པ15ཁྱབ་གདལ་བཏང་བ་དང་། ཟླ7པའི་ཟླ་མཇུག་ནས་ཟླ8པའི་ཟླ་སྟོད་བར“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་བྱེད་ཐབས་གསར་པ6ཁྱབ་གདལ་བཏང་ནས། འགྲིམ་འགྲུལ་དོ་དམ་གྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ལ། འགྲིམ་འགྲུལ་དོ་དམ་ཞབས་ཞུའི་ཆུ་ཚད་རིམ་སྤོར་བྱས་ཏེ། མང་ཚོགས་འགྲོ་འོང་ཇེ་ཉུང་དུ་གཏོང་གང་ཐུབ་དང་མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་བ། ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
དེ་དང་ཆབས་ཅིག་སྔ་རྗེས་སུ་རླངས་འཁོར་ཞིབ་བཤེར་དང་། ཁ་ལོ་བའི་རྒྱུགས་ལེན། རླངས་འཁོར་ཨང་གྲངས་དོ་དམ། དོན་རྐྱེན་ཐག་གཅོད། དྲ་སྦྲེལ་ལས་སྟེགས་བཅས་དང་དེ་བཞིན་ལག་ཁྱེར་གཅིག་ལ་བརྟེན་ནས་སྒྲུབ་པ་དང་། དྲ་ཐོག་ནས་སྒྲུབ་པ། ཐག་ཉེ་ནས་སྒྲུབ་པ་སོགས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་རབ་དང་རིམ་པ་བཏོན་པ་རེད། མིག་སྔའི་བར་ཞིང་ཆེན་ཡོངས་སུ་རེ་ཞུའི་དཔྱད་གཞིའི་ཡིག་ཆ་ཁྲི10ལྷག་ཙམ་ཇེ་ཉུང་དང་མེད་པར་བཏང་བ་དང་། མང་ཚོགས་ཁྲི2ལྷག་ཙམ་ལ་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་རླངས་འཁོར་ཞིབ་བཤེར་བྱེད་པ། མང་ཚོགས2000ལྷག་ཙམ་གྱིས་ཡུལ་གཞན་དུ་ཚན་ཁག་བགོས་ནས་ཁ་ལོ་བའི་ལག་ཁྱེར་ལེན་པ། སྤྱི་ཚོགས་ལས་ཁུངས་དང་སྦྲག་སྲིད་དྲ་ཚིགས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་རིགས་ཚབ་གཉེར་བྱེད་ས140ལྷག་ཏུ། སྦྲེལ་དྲ་ཕྱོགས་བསྡུས་ཉེར་སྤྱོད་ལས་སྟེགས་ཐོ་འགོད་བྱས་པའི་མི་གྲངས་ཁྲི73དང་། ཁྱོན་བཅར་འདྲི་བྱེད་ཚད་མི་ཐེངས་ཁྲི7297ཟིན་ལ། ཉིན་རེར་ཆ་སྙོམས་མི་ཐེངས3000ལྷག་ཙམ་གྱིས་སྦྲེལ་དྲ་ཞབས་ཞུའི་ལས་སྟེགས་བརྒྱུད་ལས་སྒོ་གཉེར་བ་བཅས་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་དུ་ལོ་གཅིག་རིང་འཕྲུལ་སྒུལ་རླངས་འཁོར་ཁྲི9.8ཇེ་མང་དུ་ཕྱིན་པ།