ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྐྱེ་ཁམས་གནམ་གཤིས་ལྟེ་གནས་ཀྱིས་སྲུང་སྐར་རྒྱང་ཚོར་ཚད་ལེན་བྱས་པར་གཞིགས་ན2019ལོར་མཚོ་སྔོན་པོའི་མཚོ་ངོས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4549.38ཡིན་ལ། ན་ནིང་དུས་མཚུངས་དང་བསྡུར་ན་སྤྱི་ལེ་གྲུ་བཞི་མ20.08ཀྱིས་ཆེ་རུ་ཕྱིན་ཡོད་ལ། 2019ལོའི་ཟླ4བའི་ཚེས25ཉིན་དང་བསྡུར་ན་སྤྱི་ལེ་གྲུ་བཞི་མ33.76གིས་ཆེར་ཕྱིན་ཡོད། གནམ་གཤིས་གཞི་རྒྱུར་དབྱེ་ཞིབ་བྱས་ན། 2019ལོའི་ཟླ8པའི་ཟླ་དཀྱིལ་ནས་ཟླ9བའི་ཟླ་དཀྱིལ་བར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་ཆར་འབབ་ཚད་དེ་ན་ནིང་ལས་མང་བ་ནི་མཚོ་ངོས་རྒྱ་ཁྱོན་ཇེ་ཆེར་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་རེད།
མཚོ་སྔོན་པོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་ཆུ་ཁུངས་གསོ་ཡུལ་དང་ཆུའི་འཁོར་རྒྱུག་གི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། མཚོ་བོད་མཐོ་སྒང་སྐྱེ་ཁམས་བདེ་འཇགས་སྲུང་བྱེད་ཀྱི་ཆུ་ཐོན་གལ་ཆེན་དང་ནུབ་རྒྱུད་བྱེ་འགྱུར་ཤར་འགོག་གི་རང་བྱུང་སྒྲིབ་དངོས་ཤིག་ཀྱང་ཡིན། 2008ལོར་མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་ལོ10དང་སྤྱིའི་མ་དངུལ་སྒོར་དུང་ཕྱིར15.67བཏང་བའི་མཚོ་སྔོན་པོའི་མཐའ་རྒྱུད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་འགོ་བརྩམས་ཤིང་། མཚོ་སྔོན་པོའི་མཐའ་རྒྱུད་ཀྱི་ཐེམ་ཆེན་དང་། རྐང་ཚ། ཧེ་ཡན། ཆབ་ཆ་བཅས་རྫོང་དང་རྒྱལ་དབང་ཞིང་ཕྱུགས་ར་བཞིའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི2.96གི་ས་ཁོངས་ནང་མིས་ཐབས་ཀྱིས་ཆར་འབེབས་པ་དང་། འདམ་ས་སྲུང་སྐྱོང་། རྩྭ་ས་ཞན་འགྱུར་ཅན་བཅོས་སྐྱོང་། སྐྱེ་ཁམས་ནགས་འཛུགས། ཆུ་ལམ་བཅོས་སྒྲིག སྐམ་སའི་སྐྱེ་ཁམས་སྣ་མང་ཅན་སྲུང་སྐྱོབ་སོགས་ཀྱི་ལས་གཞི་ལག་བསྟར་བྱས། འབད་བརྩོན་ལྷོད་མེད་བརྒྱུད་མཚོ་སྔོན་པོའི་ཆུ་བསགས་ཚད་ལོ་རེ་བཞིན་ཇེ་མང་དུ་ཕྱིན་ཞིང་། མཚོ་སྔོན་པོའི་མཐའ་རྒྱུད་ཀྱི་སྔོ་ཁེབས་དང་འདམ་ས་སླར་གསོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ལ། འདམ་སའི་རྒྱ་ཁྱོན་རིམ་རྩིས་བྱས་ན་སྤྱི་ཆིང་ཁྲི1.35འཕར་བ་དང་། འདུས་ཚད་མཐོ་བའི་སྔོ་ཁེབས་ཁྱབ་ཚད་རིམ་རྩིས་བྱས་ན་སྤྱི་ཆིང21.33འཕར་ཡོད། སྲུང་སྐྱོབ་ས་ཁུལ་གྱི་བྱེ་ཐང་དང་། རྗེན་ས། བ་ཚྭ་ཅན་གྱི་ས་བཅས་ཀྱི་རྒྱ་ཁྱོན་རིམ་རྩིས་བྱས་ན་སྤྱི་ཆིང3960ཉུང་དུ་ཕྱིན་ནས་མཚོ་སྔོན་པོའི་སྤྱིའི་སྐྱེ་ཁམས་ནུས་པ་རྒྱུད་མཐུད་ངང་ཆེ་རུ་ཕྱིན་ཡོད།
མཚོ་སྔོན་པོའི་མཐའ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ཇེ་ལེགས་འགྲོ་བ་དེས་སྐྱེ་དངོས་རིགས་སྣ་མང་ཅན་དུ་འགྱུར་བར་ཡང་ཕན་ནུས་ཐོན་ཡོད་དེ། མིག་སྔའི་བར་མཚོ་སྔོན་པོའི་ས་ཁོངས་ཀྱི་འདབ་ཆགས་རིགས་སྣ་དེ1996ལོའི164་ནས225རུ་འཕར་ཡོད་ལ། རྒྱལ་ཡོངས་འདབ་ཆགས་རིགས་ཡོངས་ཀྱི17 %ཟིན། ལོ་རེར་འདབ་ཆགས་ཁྲི30ལྷག་གིས་གནས་འདིར་འཚོ་སྡོད་དང་སྐྱེ་འཕེལ་བྱེད་ཀྱིན་ཡོད། སྲོག་ཆགས་རིགས41དང་ཉིས་འཚོའི་གོག་འགྲོ་རིགས5། ཉ་རིགས8བཅས་ཡོད་ལ། རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རིགས8དང་། རྒྱལ་ཁབ་རིམ་པ་གཉིས་པའི་སྲོག་ཆགས་རིགས29ཡོད། རྒྱུན་ཆད་ལ་ཉེ་བའི་སྲོག་ཆགས་དགོ་བའི་གྲངས་ཀ2004ལོའི257ནས2018ལོའི་793ལ་འཕར་ཞིང་། མཚོ་སྔོན་པོའི་ཉ་རིགས་ཐོན་ཁུངས་ཚད2002ལོའི་ཏུན2592ནས2018ལོའི་ཏུན་ཁྲི8.8ལ་འཕར་ཡོད། མཚོ་སྔོན་པོའི་ཉ་རིགས་སྐྱེ་འཕེལ་ཕྱིར་གློད་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཡོད། མིས་ཐབས་ལ་བརྟེན་ནས་སྐྱེ་འཕེལ་ཕྱིར་གློད་བྱེད་པ་དེས་མཚོ་སྔོན་པོའི་ཉ་རིགས་ཐོན་ཁུངས་མང་དུ་འགྲོ་བར20%ཡན་གྱི་ནུས་པ་ཐོན་ཡོད། མཚོ་སྔོན་པོའི་གདོད་མའི་སྲོག་ཆགས་རིགས་དང་འདམ་རའི་མཛུབ་སྟོན་རང་བཞིན་གྱི་སྐྱེ་དངོས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་། བས་མཐའི་ཁྱུ་ཚོགས་ཀྱི་གྲངས་འབོར་འཕར་བ། ཆུའི་ཐོན་ཁུངས་ཧྲིལ་པོའི་དམིགས་ཚད་གལ་ཆེན་ལོ་མང་རིང་བརྟན་པོ་ཡོང་བ། སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བ་བཅས་ཀྱི་མཚོ་སྔོན་པོའི་སྐྱེ་ཁམས་དོ་སྙོམས་མ་ལག་རགས་ཙམ་ཆགས་ཡོད་པ་རེད། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
2019ལོར་མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་20.08འཕར་བ།