ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཟླ11པའི་ཚེས27ཉིན་ནས་ཚེས29ཉིན་བར། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་མཐུན་ཚོགས་ཀྱིས་དུས་རབས་གསར་པའི་མི་རིགས་སྐད་ཡིག་ལོ་ཙཱའི་ཞིབ་འཇུག་བྱ་བ་སྔར་ལས་ཡག་པོ་བསྒྲུབ་པ་དང་། རང་ཞིང་གི་རང་བྱུང་ཚན་རིག་ཁྱབ་ཁོངས་ཀྱི་མི་རིགས་སྐད་ཡིག་གི་ནུས་པ་དང་ཞབས་ཞུའི་ནུས་པར་སྐུལ་འདེད་བྱེད་པ། དེ་བཞིན་མི་རིགས་ས་ཁུལ་དུ་སྔར་ལས་ལྷག་པའི་སྒོ་ནས་ཡོངས་ཁྱབ་ཚན་རྩལ་ཤེས་བྱའི་ཕན་ནུས་ལེགས་པོ་བཅས་ཐོན་ཆེད། ཧོང་ཀྲུང་རྫོང་བོད་རིག་གནས་ཁང་དུ“རང་བྱུང་ཚན་རིག་སྐོར་གྱི་བརྡ་ཆད་གསར་པའི་སྒྱུར་ཐབས་བགྲོ་གླེང་ཚོགས་འདུ”བསྡུས་པ་རེད།
ཐེངས་འདིའི་ཚོགས་འདུར་རང་བྱུང་ཚན་རིག་གི་ཆེད་མཁས་མི་སྣ4གདན་དྲངས་ནས་འཆ་ཁྲིད་གནང་བ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་དང་གསར་འགྱུར། དཔར་སྐྲུན། སློབ་གསོ། ཚན་རྩལ་ཞིབ་འཇུག དུས་དེབ། ཆ་འཕྲིན་དྲ་རྒྱ་སོགས་ལས་ཁུངས་མི་འདྲ་བ28གྱི་འཐུས་ཚབ་མི་སྣ40ལྷག་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ལ་ཞུགས་ཡོད་ལ། འཐུས་ཚབ་མི་སྣ་སོ་སོས་ཚོགས་འདུའི་བརྗོད་དོན་ཐད་ལ་རང་རང་གི་བསམ་འཆར་འདོན་སྤེལ་དང་། དུས་རབས་གསར་པའི་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བའི་ཐད་ཀྱི་བསམ་གཞིག་དང་བྱེད་ཐབས་ཐད་ལ་བགྲོ་གླེང་བྱས་ཡོད།
བགྲོ་གླེང་ཚོགས་འདུའི་སྟེང་སྐད་བརྡ་རིག་པའི་ཆེད་མཁས་པ་པདྨ་ལྷུན་གྲུབ་ཀྱིས“རང་བྱུང་ཚན་རིག་སྐོར་གྱི་བརྡ་ཆད་གསར་པའི་ལོ་ཙཱའི་ཁ་ཕྱོགས”ཞེས་པ་ཁ་བྱང་དུ་བྱས་ཏེ་འཆད་ཁྲིད་གནང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་ཚན་རྩལ་ལོ་ཙཱའི་ཆེད་མཁས་པ་སྐལ་བཟང་འབུམ་གྱིས“དུས་རབས་གསར་པའི་མི་རིགས་སྐད་ཡིག་ལོ་ཙཱ་དང་བོད་སྐད་ཡིག་གི་བཀས་བཅད་ཐད་ཀྱི་གནད་དོན་སྐོར་གླེང་བ”ཞེས་པ་བརྗོད་དོན་དུ་བཟུང་ནས་འཆད་ཁྲིད་གནང་། ཞིང་ཆེན་ཚན་རྩལ་མཐུན་ཚོགས་སྐབས་བཅུ་པའི་ཨུ་ཡོན་དང་། བོད་ཀྱི་གསོ་རིག་རྒྱལ་སྤྱིའི་རིག་གཞུང་བསམ་བློ་བརྗེ་རེས་ཀྱི་ཆེད་མཁས་པ་སྟག་འབུམ་རྒྱལ་གྱིས“བོད་ཀྱི་གསོ་བ་རིག་པའི་ལོ་ཙཱའི་གནས་བབ”ཞེས་པ་ཁ་བྱང་དུ་བཟུང་ནས་བརྗོད་དོན་འཆད་ཁྲིད་གནང་། ལས་ཁུངས་སོ་སོ་དང་དེའི་བགྲོ་གླེང་འཐུས་ཚབ་པ་དག་གིས་རང་བྱུང་ཚན་རིག་ཤེས་བྱའི་མི་རིགས་སྐད་ཡིག་ལོ་ཙཱས་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དར་རྒྱས་ཐད་ཀྱི་གལ་ཆེན་རང་བཞིན་ལ་ངོས་ཟིན་ནན་མོ་ཐེབས་དགོས་ན། རང་སྟེང་གི་ལས་དོན་ནུས་པའི་རང་རྟོགས་རང་བཞིན་མཐོར་འདེགས་སུ་གཏོང་དགོས་པ་དང་། རང་བྱུང་ཚན་རིག་སྐོར་གྱི་བརྡ་ཆད་གསར་པའི་ཉམས་མྱོང་དང་བྱེད་ཐབས་དེ་སྒྲིག་སྲོལ་ཅན་ཏུ་བཏང་ནས་བཀོལ་སྤྱོད་བྱེད་པ་དང་མི་རིགས་སྐད་ཡིག་ལོ་ཙཱའི་ཁྱབ་ཁོངས་སོགས་ཀྱི་གྲོས་གཞིའི་ཐད་ཚང་མར་གཅིག་མཐུན་གྱི་ལྟ་བ་གྲུབ་ཡོད།
ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་ད་དུང《མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྐད་ཡིག་ལོ་ཙཱའི་ཞབས་ཞུའི་ཐད་ཀྱི་ཚད་ལྡན་ལས་རྩོལ་རིན་དངུལ》ཞེས་པར་བགྲོ་གླེང་གྲོས་མཐུན་བྱུང་བ་རེད།
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
རང་བྱུང་ཚན་རིག་སྐོར་གྱི་བརྡ་ཆད་གསར་པའི་བསྒྱུར་ཐབས་བགྲོ་གླེང་ཚོགས་འདུ་ཧོང་ཀྲུང་རྫོང་དུ་བསྡུས།