གཙང་གསུམ་ཆུ་འགོར་ཕྱི་ཡོང་ཉ་རིགས་ཚེ་ཐར་གཏོང་མི་ཆོག་པའི་བཀའ་རྒྱ་བསྒྲགས་རྗེས་ཕན་འབྲས་མངོན་གསལ་ཐོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གཙང་གསུམ་ཆུ་འགོའི་ཆུ་ཁོངས་སུ་ཚེ་ཐར་གཏོང་མིག་ཆོག་པའི་བཀའ་རྒྱ་ལག་བསྟར་བྱས་ཚུན། གཙང་པོ་ཆེན་པོ་གསུམ་དང་ལྷག་པར་དུ་འབྲི་ཆུའི་ཆུ་འགོའི་ཕྱི་ཡོང་ཉ་རིགས་མངོན་གསལ་གྱིས་ཉུང་དུ་ཕྱིན་པ་དང་སྣོད་བཅུད་མ་ལག་དོ་སྙོམས་བྱུང་ནས་སྣོད་བཅུད་བདེ་འཇགས་ལ་སྲུང་སྐྱོབ་ཐུབ་ཡོད།

མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པའི་གཙང་གསུམ་ཆུ་འགོའི་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འགོ་ཁུངས་རེད། གསར་འགོད་པས་བཅར་འདྲི་བྱས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་འབྲོག་པ་ཁག་གཅིག་དང་དེ་བཞིན་ཡུལ་གཞན་གྱི་ཡུལ་སྐོར་བས་གྲོང་ཁྱེར་གྱི་ཆུ་ཁོངས་དང་ཐག་ཉེ་བའི་སར་ཕྱི་ཡོང་ཉ་རིགས་མང་བོ་རང་དགར་ཚེ་ཐར་གཏང་བ་དེས་ས་གནས་དེ་གའི་ཆུ་དྭངས་གཙང་དང་ཐ་ན་འབབ་རྒྱུད་ཧྲིལ་པོའི་སྣོད་བཅུད་བདེ་འཇགས་ལ་མི་མངོན་པའི་ཉེན་ཁ་བཟོས་ཡོད་པ་རེད།

ད་ལོའི་ཟླ་1པའི་ཚེས་1ཉིན། སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་ཏེ། མི་སྒེར་རམ་ཚོགས་པ་གང་རུང་གིས་ཡུལ་ཤུལ་ཁུལ་མངའ་ཁོངས་ཀྱི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུའི་ཡན་ལག མཚོ་དང་མཚེའུ། ཆུ་མཛོད་སོགས་སྤྱི་པའི་ཆུ་ཁོངས་སུ་ཕྱི་ཡོང་ཉ་རིགས་ཚེ་ཐར་གཏོང་བ་དང་། ས་ཆ་གཞན་ནས་ནང་འདྲེན་བྱས་པའི་ཉ་ཕྲུག་སོགས་གསོན་གཟུགས་ཆུ་སྐྱེས་སྐྱེ་དངོས་ཀྱི་རིགས་གསོ་སྤེལ་བྱས་ནས་མཇུག་འབྲས་ཚབས་ཆེན་བཟོ་མཁན་དག་ཁྲིམས་འཛིན་ལས་ཁུངས་སུ་བསྐྱལ་ནས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་འཁུར་དགོས་པ་རེད།

ཉེ་ཆར། ཞིང་འབྲོག་ཚན་རྩལ་ཅུས་ཀྱིས་ཚན་ཞིབ་མི་སྣ་དང་མཉམ་འབྲེལ་བྱས་ཏེ་མངའ་ཁོངས་ནང་གི་འབྲི་ཆུའི་ཆུ་འགོ་གཙོ་གནད་ཐོག་ཕྱི་ཡོང་ཉ་རིགས་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་ལྕགས་དྲ་120བཞག་ནས་ཉ3035འཛིན་བཟུང་བྱས་ཡོད།

བརྟག་དཔྱད་མཇུག་འབྲས་ལྟར་ན། ཐེངས་འདིར་བཟུང་བྱས་པའི་ཉ་རིགས་མང་ཆེ་བ་ནི་ས་གནས་དེ་གའི་གདོད་མའི་ཉ་རིགས་ཀྱི་ཁོངས་སུ་གཏོགས།

བརྟག་དཔྱད་མཇུག་འབྲས་ལས་མངོན་པར་གཞིགས་ན། ཡུལ་ཤུལ་ཁུལ་གྱིས་ཚེ་ཐར་གཏང་མི་ཆོག་པའི་བཀའ་རྒྱ་བསྒྲགས་པ་ནས་ད་ལྟའི་བར་ཕན་འབྲས་མངོན་གསལ་ཐོན་ཡོད་པ་དང་། ཕྱི་ཡོང་ཉ་རིགས་ཀྱི་གྲངས་འབོར་དང་སྣ་ཁ་ཆེས་ཆེར་ཉུང་དུ་ཕྱིན་ཏེ། འབྲི་ཆུའི་ཆུ་འགོའི་ཆུ་ཁོངས་བདེ་ཐང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

བརྟག་དཔྱད་ནང་ཞུགས་མཁན་གྱི་པེ་ཅིང་སྣོད་བཅུད་སྲུང་སྐྱོང་ལྟེ་གནས་གཙང་གསུམ་ཆུ་འགོའི་རྣམ་གྲངས་ཀྱི་ཀྲུའུ་རེན་ཀྲའོ་ཞང་གིས་བཤད་རྒྱུར། བཀའ་རྒྱ་ལག་ལེན་མ་བསྟར་གོང་ཚན་ཞིབ་མི་སྣས་ཡུལ་ཤུལ་ཁུལ་གཙོ་གནད་གཙང་རྒྱུད་ནས་ཕྱི་ཡོང་ཉ་རིགས་ཀྱི་ཕུང་པོ་མི་ཉུང་བ་ཞིག་མཐོང་ཡོད། ད་ལྟ་ཚེ་ཐར་གཏོང་བའི་བྱ་སྤྱོད་ཉུང་དུ་ཕྱིན་པ་དང་བསྟུན་ནས་མང་ཚོགས་ཀྱིས་སྲིད་གཞུང་གི་འབོད་སྐུལ་རང་འགུལ་ངང་དང་ལེན་ཞུས་ཡོད། ད་ཐེངས་ཀྱི་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཀྱི་དཔེ་མཚོན་བརྟག་དཔྱད་ནང་ཉ་རིགས་ཀྱི་ཕུང་པོ་དམིགས་བསལ་ཅན་རྙེད་མེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བརྟག་དཔྱད་ཁྲོད་ཡོབ་ཡཱ་ཆུ་སྲམ་ཞིག་དམར་ཕྱིའི་པར་ཆས་ཀྱིས་མཐོང་ཡོད་པ་རེད། ཀྲའོ་ཞང་གིས་ཆུ་སྲམ་ནི་རིམ་པ་མཐོ་ཤོས་ཀྱི་ཤ་ཟན་སྲོག་ཆགས་ཤིག་ཡིན་པའི་ངོས་ནས་ཆུ་ཁོངས་ཀྱི་གཙང་སྦྲར་བླང་བྱ་ཧ་ཅང་མཐོན་པོ་ཡོད་པ་དང་། གཙང་ཆུའི་སྣོད་བཅུད་མ་ལག་གི་བདེ་ཐང་ཚད་གཞིའི“མཛུབ་སྟོན་ཡོ་ཆས”ཤིག་ཡིན་པས་སྣོད་བཅུད་མ་ལག་དོ་སྙོམས་ཡོང་རྒྱུར་ནུས་པ་གལ་ཆེན་ལྡན་ཡོད་ཟེར།

ངོ་སྤྲོད་བྱས་པར་གཞིགས་ན། སླད་ཕྱིན་འབྲེལ་ཡོད་ལྟ་ཞིབ་ཚད་ལེན་དང་དེ་བཞིན་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་དུས་མཚུངས་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གཙང་གསུམ་ཆུ་འགོའི་ཆུ་ཁོངས་ཀྱི་སྣོད་བཅུད་བདེ་འཇགས་ལ་མུ་མཐུད་དོ་ཁུར་དང་སྲུང་སྐྱོང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།