ཕྱུགས་རྩྭ་སྔར་བས་ལེགས་པོ་སྐྱེ་ཆེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས24ཉིན། ང་ཚོས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱི་གྲོང་རྡལ་སྲིད་གཞུང་དུ་བདུད་ཤུལ་སྡེ་བའི་རྩྭ་སྲུང་པ་ཚེ་རིང་བཀྲ་ཤིས་ལ་བཅར་འདྲི་བྱས་པ་ཡིན།

ད་ལོར་ལོ49ལ་སོན་པའི་ཚེ་རིང་བཀྲ་ཤིས་ནི་བདུད་ཤུལ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཡིན་ལ། སྔ་མོ་ནས་དབུལ་ཐར་མངོན་འགྱུར་བྱེད་ཆེད2017ལོར་འཕྲང་དམར་གྲོང་རྡལ་སྲིད་གཞུང་གིས་ཁོ་རང་ལ་རྩྭ་སྲུང་གི་ལས་གནས་ཤིག་སྤྲད་པ་དང་། ཕ་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱས་པ་དང་བསྟུན་ནས་ཡོང་འབབ་ཀྱང་གང་འཚམ་ཞིག་ཡོད་པ་རེད། དུས་དེ་ནས་བཟུང་ཁོས་ལྷག་བསམ་དྭངས་མོས་རྩྭ་ས་འདི་སྲུང་སྐྱོབ་བྱེད་བཞིན་ཡོད།

འཕྲང་དམར་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅི་གཞོན་པ་སྒྲོལ་ཁོ་སྐྱིད་ཀྱིས་བཤད་རྒྱུར།“རྩྭ་སྲུང་པ་རེ་རེར་རང་རང་གི་དོ་དམ་ས་ཁུལ་ཡོད་པ་དང་། མི་བཅུ་རེ་ཚན་ཆུང་གཅིག་ཡིན། ཚན་ཆུང་གིས་རྩྭ་སྲུང་གི་ཚན་གཙོ་ཆེན་མོའི་གཅིག་གྱུར་གྱི་མགོ་ཁྲིད་དང་ལེན་བྱེད་དགོས་པ་དང་། རྩྭ་སྲུང་པ་རེར་ལོ་གཅིག་ལ་སྒོར21600ཡི་ཟླ་ཕོགས་ཡོད། བྱ་བར་ཞིབ་ཚགས་ཆེ་ལ་ནན་ཏན་ཡིན་པས་ཁོ་ད་ལྟ་ཚོགས་མི་ཞིག་ནས་ཚན་གཙོ་ཆེ་བར་འཕར་ཡོད་ལ། རྩྭ་སྲུང་རུ་ཁག་འདིའི་ཁྲོད་ཀྱི་འགན་འཁུར་མི་སྣ་གཙོ་བོར་གྱུར་འདུག ”ཟེར།

བཀྲ་ཤིས་ཚེ་རིང་གིས་ལྟ་སྲུང་བྱེད་ཀྱིན་པའི་རྩྭ་སའི་མིང་ལ་ས་གནས་དེའི་མི་རྣམས་ཀྱིས་ཁྱ་འབུར་ཞེས་འབོད་ཀྱིན་ཡོད་ལ། དེ་ནི་ཕྱུགས་བཀག་ཁུལ་གཙོ་བོ་ཡིན་པ་དང་། རྒྱ་ཁྱོན་ལ་སྤྱི་ཆིང253.33ཡོད། ཁོས་སྒྲུབ་དགོས་པ་ནི་རྩྭ་སའི་ལྟ་སྲུང་དང་རྩྭ་ཐང་གི་ནད་འབུ་སྔོན་འགོག ཨ་བྲ་གསོད་པ། ས་མཚམས་བརྒལ་ནས་ཕྱུགས་འཚོ་བ་སོགས་བཀག་འགོག་བྱས་ནས་ཕྱུགས་བཀག་ཁུལ་སྲུང་སྐྱོབ་བྱེད་དགོས། གཞན་ད་དུང་མེ་སྐྱོན་འབྱུང་ཉེན་ཆེ་སར་ཞིབ་བརྟག་དང་འབྲོག་པར་མེ་འགོག་དྲིལ་སྒྲོག་གི་བྱ་བ་ལེགས་པོར་སྒྲུབ་དགོས།

རང་གི་བྱ་བ་འདིར་རྒྱུས་ལོན་ག་ཚོད་ཡོད་པ་གླེང་བ་ན།བཀྲ་ཤིས་ཚེ་རིང་གི་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར།“ལྟ་སྲུང་གི་བྱ་བ་འདི་ཕྱུགས་འཚོ་བ་དང་གསོ་སྤེལ་བྱེད་པའི་ལས་ཀ་དང་བསྡུར་ན་དཀའ་ཚེགས་ཤིན་ཏུ་ཆེ། ཟླ་གཅིག་གི་རིང་ལ་བསྟུད་མར་ཉིན་བཅོ་ལྔར་རི་མགོ་རུ་སྐོར་ཞིབ་བྱེད་དགོས་ལ། ཟ་མ་དུས་ལྟར་བཟའ་མི་ཐུབ་ལ།ཡུལ་ལ་ཡང་སྔ་མོ་ནས་ལོག་མི་ཐུབ་པས་བྲོ་ཁ་བཟུང་ནས་འགྲོ་དགོས། ལམ་བདེ་མོ་ཡིན་སར་འཕྲུལ་རྟར་ཞོན་ཆོག་ཀྱང་བྱེ་འདམ་དང་ཀྱག་ཀྱོག་ཆེ་བའི་རྡོ་ཟེགས་ཀྱི་ལམ་དང་འཕྲད་ཚེ་རྐང་ཐང་ལ་མི་འགྲོ་ཐབས་མེད་རེད། མི་རེ་རེའི་ལྟ་སྲུང་གི་རྩྭ་སའི་རྒྱ་ཁྱོན་ཅུང་ཆེ་བས་དུས་ཚོད་ཀྱང་རིང་པོ་འགོར་ལ་ལུས་ཕུང་ལ་དཀའ་ཚེགས་ཀྱང་ཆེ། ཕྱུགས་འཚོ་བ་ནི་རང་གི་ཆེད་དང་དེ་ལས་མངོན་པ་ནི་མིག་མདུན་གྱི་ཁེ་ཕན་ཙམ་རེད། ཡིན་ཡང་རྩྭ་སར་སྲུང་སྐྱོབ་བྱེད་པ་ནི་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་སྐྲུན་པའི་ལས་ཀ་ཞིག་ཡིན་པས་རྒྱང་རིང་བོར་བསམ་བློ་བཏང་བ་ཡིན། རང་གི་མིག་མདུན་གྱི་ཕྱུགས་རྩྭ་འདི་ནི་རང་དང་གྲོགས་པོ་དག་གི་ལྟ་སྲུང་ཡག་པོའི་འོག་ཡང་བསྐྱར་ལེགས་པར་སྐྱེས་པས། སེམས་སུ་སྨྲ་མི་ཤེས་པའི་སྤྲོ་བ་ཞིག་རྒྱས།”

བཀྲ་ཤིས་ཚེ་རིང་གིས་ཕྱིར་དྲན་བྱས་པ་ལྟར་ན།སྔོན་ཆད་རྩྭ་ཐང་དུ་འབྲོག་པ་རྣམས་ཀྱིས་གད་སྙིགས་གང་བྱུང་དུ་འཕྲིན་པ་དང་། འགྱིག་ཁུག་གི་གད་སྙིགས་ནོར་ལུག་གིས་ཟོས་པས་ནད་བྱུང་བ་དང་ཤི་བའི་གནས་ཚུལ་མང་པོ་ཡོད་པས་འབྲོག་པར་གྱོང་གུད་མི་ཉུང་བ་ཐེབས་ཡོད། ལ་ལས་གད་སྙིགས་སྒོ་མདུན་དུ་བླུགས་པས་རླུང་གཡུགས་པ་ན་འགྱིག་ཤོག་གིས་བར་སྣང་ཁེངས་པ་དང་དྲི་ངན་ཕྱོགས་བཞི་ཁྱབ་འགྲོ་བས་འདི་ནས་འཚོ་བ་རོལ་བར་དཀའ་ཁག་ཧ་ཅང་ཆེ། ཡིན་ཡང་དུས་ད་ལྟ་རྩྭ་སྲུང་པ་རེ་རེ་ཡིས་རྩྭ་སྲུང་བར་འགན་འཁུར་ཡོད་ལ་སེམས་ནས་རང་བྱུང་ཁམས་གོང་དུ་བཀུར་བཞིན་ཡོད། རྩྭ་ཐང་གི་གད་སྙིགས་གཙང་བཤེར་བྱས་པ་དང་བསྟུན་ནས།རྩྭ་ཕྱུགས་དོ་མཉམ་ཡོང་བ་རྒྱུན་འཁྱོངས་བྱས་པས།ད་ལྟ་རྩྭ་ཐང་གི་ཁོར་ཡུག་ཇེ་ལེགས་སུ་འགྲོ་བཞིན་འདུག རྩྭ་སྐྱེས་པ་ཡང་བཟང་བས་ཝ་དང་སྤྱང་ཀི གླག་རྒོད་ཀྱང་དེར་བསྟུན་གྱིས་ཇེ་མང་དུ་གྱུར་ཡོད།

ཟླ་རེ་ཡི་ངལ་གསོའི་ཉིན་བཅོ་ལྔའི་རིང་ལ་ངལ་གསོ་ཅུང་ཙམ་བྱས་ཆོག་ཀྱང་། ཁོས་རང་གི་རྩྭ་ས་སེམས་ནས་བརྗེད་ཐུབ་ཀྱིན་མེད། སྐབས་རེར་མཚན་མོར་མལ་ཁྲིའི་སྟེང་ནས་ཀྱང་དྲན་འཛིན་གྱི་ངོས་སུ་གློག་བརྙན་ནང་བཞིན་ཡང་ཡང་འཆར་བ་ནི་རང་དང་གྲོགས་པོ་ཚོ་བགྲོད་པའི་ལམ་བུ་དང་སྐོར་ཞིབ་བྱས་པའི་རྩྭ་ས་རེད། རང་གི་སེམས་ནས་ཡང་དང་བསྐྱར་དུ་རང་ལ་གསལ་འདེབས་བྱས་ནས་རྩྭ་ཐང་དེའི་གད་སྙིགས་ཡོད་ཚད་གཙང་སེལ་བྱས་ཡོད་དམ། ནོར་ལུག་ལྕགས་རའི་དང་ལྡིང་ནས་ཕྱུགས་བཀག་ཁུལ་བརྒལ་ཡོད་དམ། རྩྭ་ཐང་ན་མེ་སྐྱོན་བྱུང་སའི་གནས་ཡོད་དམ། བལྟས་པ་ཙམ་གྱིས་གླེང་རིན་མེད་པའི་གནད་དོན་འདི་དག་གིས་ཁོའི་སེམས་པའི་གཏིང་རིམ་ན་གཏན་དུ་གོ་གནས་གལ་ཆེན་བཟུང་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།