མཚོ་སྔོན་གྱིས་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན340ལ་ཐོབ་ཐང་ལག་ཁྱེར་སྤྲད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས13ཉིན་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཕྱི་ཕྱོགས་སུ་གནས་ཚུལ་ཡོངས་བསྒྲགས་བྱས་ཤིང་། ཞིང་ཆེན་དེས་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་གྱི་ཐོབ་ཐང་དངོས་སུ་གཏན་འཁེལ་བྱས་པ་དང་། ཡོངས་འཛིན340ལ་ཐོབ་ཐང་ལག་ཁྱེར་སྤྲད་པ་རེད།

微信图片_20191115104344.jpg

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོ་ནི་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ཐུན་མོང་ཐོག་སྒྲིག་འཛུགས་བྱས་པ་དང་། ཡོངས་འཛིན340ཡི་ལོ་ཚད་ལོ50ཡན་ཡིན་པ་དང་། དེའི་ནང་དམིགས་བསལ་གྱི་ཡོངས་འཛིན53དང་། མཐོ་རིམ་ཡོངས་འཛིན128། འབྲིང་རིམ་ཡོངས་འཛིན77།  དམའ་རིམ་ཡོངས་འཛིན82བཅས་ཚུད་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་གྲགས་པས་ངོ་སྤྲོད་བྱས་པར་གཞིགས་ན། 2018ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་གྱི་ཐོབ་ཐང་ཐོ་འགོད་བྱས་པ་དང2019ལོའི་ཟླ6པར་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཡོངས་འཛིན་གྱི་ཐོབ་ཐང་ངོས་འཛིན་ཨུ་ལྷན་གྱིས་ཞིབ་དཔྱད་བྱས་མཐར་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་སྤྱི་ཚོགས་སྟེང་ཡོངས་བསྒྲགས་བྱས་པ་རེད།

ཐེངས་འདིར་ཡོངས་འཛིན19ལ་ཐོབ་ཐང་གཏན་འཁེལ་བྱས་པའི་ནང་དམིགས་བསལ་རིམ་པའི་མི8དང་མཐོ་རིམ་ཅན་མི11ཡོད་པ་དང་། དེ་དག་སོ་སོར་དགེ་ལུགས་པ་དང་རྙིང་མ་བ། ས་སྐྱ་བ། བཀའ་རྒྱུད་པ། ཇོ་ནང་པ། བོན་སོགས་གྲུབ་མཐའ་ལ་གཏོགས་པ་རེད། 

མཚོ་སྔོན་ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྭ་ཤིའུ་ཡིས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་ཡོངས་འཛིན་གྱི་ཐོབ་ཐང་ཞིབ་དཔྱད་གཏན་འཁེལ་དང་གདན་ཞུས་ལས་བསྐོས་བྱས་པ་དེས་བོད་བརྒྱུད་ནང་བསྟན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཡོངས་འཛིན་གྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ། དགོན་སྡེའི་རང་ངོས་དོ་དམ་ལ་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་བྱེད་སྒོ་ཚད་ལྡན་དུ་གཏོང་བ། དགེ་སྒྲུབ་མི་སྣའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱེད་པ་སོགས་ལ་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།