མཚོ་བྱང་ཁུལ་གྱིས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྱར་སྐྲུན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་དོན་དངོས་དང་ཟུང་འབྲེལ་གྱིས་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ལ་ཆེད་དོན་རྟོག་ཞིབ་བྱས་ནས། ཧེ་བག་འཚོལ་བ་དང་དོན་འཁྱོལ་དམ་འཛིན་བྱེད་པར་ཤུགས་རྒྱག་པ་དང་། གཙོ་གནད་ཐོན་ལས་ཕྲེང་བ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་གཞི་རྩའི་བསམ་ཕྱོགས་སྔར་བས་ཁ་གསལ་བཟོས་ཤིང་། ཐོན་སྐྱེད་ཀྱི་སྔོན་དང་། ཐོན་སྐྱེད། ལས་སྣོན། འཁོར་རྒྱུག འཛད་སྤྱོད་བཅས་ལྷུ་ཚིགས་ལྔ་ནས་འགོ་བཙུགས་ཏེ། ཐོན་ལས་ཕྲེང་བ་ཧྲིལ་པོ་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན། ཚོང་རྟགས་ཅན། ཐོན་ལས་ཅན་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཐོན་ལས་ཐོན་རྫས་ཀྱི་རྒྱུ་སྤུས་ཟམ་མི་ཆད་པར་ཇེ་བཟང་དང་ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེར་བསྐྱེད། མིག་སྔར་ཁུལ་ཡོངས་སུ་ལེགས་ཆའི་གཞི་ཁྱོན་ལྡན་པའི་ཐོན་ལས་ཕྲེང་བ་ཧྲིལ་པོ་ནི་ནས་དང་། བྱང་ཕྱོགས་ཀྱི་པད་ཁ། འབྲི་གཡག བོད་ལུག སྦྲང་རྩིའི་ཐོན་རྫས་བཅས་ཐོན་ལས་ཕྲེང་བ་གཙོ་བོ་ཁག་ལྔ་ཡོད། དེ་དག་ལས་ལོ་གཅིག་གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཡན་ཟིན་པའི་ཐོན་ལས་ཕྲེང་བ་ཧྲིལ་པོ་བཞི་ཡོད་ཅིང་། དེ་དག་ནི་ནས་དང་། འབྲི་གཡག བོད་ལུག པད་ཁ་བཅས་རེད།

མཚོ་བྱང་གིས་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་དང་གནོད་མེད་བཟའ་བཅའ། སྤྱི་གནོད་མེད་པའི་ཐོན་རྫས་བཅས་ཀྱི་ཐོན་ལས་གོང་འཕེལ་གཏོང་བར་ཁྱད་འཕགས་ལེགས་ཆ་ལྡན་པ་བེད་སྤྱོད་ལེགས་པོ་བགྱིས་ཏེ། ཁྱད་ལྡན་ཅན་དང་། གཞི་ཁྱོན་ཅན། ཚད་ལྡན་ཅན། ཆེད་ལས་ཅན་བཅས་ཀྱི་བླང་བྱ་གཞིར་བཟུང་ཞིང་། པད་ཁ་ཆུང་གྲས་དང་། ནས། ནོར་ལུག་གི་ཤ རྩྭ་ཐང་གི་སྐྱེ་ཁམས་བྱ་དེ་ཕོ་སོགས་ཁྱད་ལྡན་འདེབས་གསོའི་ཐོན་སྐྱེད་རྟེན་གཞི་ཧུར་ཐག་གིས་བཏོད་དེ། གཉེར་སྐྱོང་བྱེད་པོ་གསར་པར་བརྟེན་ནས་ཐོན་སྐྱེད་གཉེར་སྐྱོང་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཐོན་རྫས་ཕྱི་ཐུམ་ལས་སྣོན་ཡག་པོ་བྱེད་པ། ཚོང་རྟགས་འཛུགས་སྐྲུན་དང་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རྒྱུ་སྤུས་ལེགས་པ་དང་། སྣོད་བཅུད་བདེ་འཇགས། ཁྱད་ཆོས་མངོན་གསལ་དོད་པ། མཁོ་སྤྲོད་འདང་ངེས་བཅས་ཀྱི་འབྲིང་རིམ་དང་མཐོ་རིམ་གྱི་ཞིང་ཕྱུགས་ལས་ཐོན་རྫས་མཁོ་སྤྲོད་ཀྱི་རྣམ་པ་ཆགས་པར་ཧུར་བརྩོན་བྱས།

འབད་བརྩོན་ཆེན་པོས་ཁུལ་ཕྱིའི་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་ནས་རང་ཁུལ་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་གསར་སྤེལ་ནང་ཞུགས་སུ་འཇུག་པ་དང་། འཕེལ་རྒྱས་རྟིང་ཤུགས་ཡོད་པའི་ཐོན་རྫས་ཀྱི་ལས་སྣོན་ཆེད་ལས་མཉམ་ལས་ཀྱི་རྩ་འཛུགས་ཁག་གཅིག་སྐྱེད་སྲིང་བྱས་ཏེ། ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལ་ཐེམ་སྐས་རྣམ་པའི་ཁེ་ལས་ཁྱུ་ཚོགས་འཛུགས་དགོས། ད་ཡོད་ཁེ་ལས་ཀྱི་ཐོན་སྐྱེད་བཟོ་རྩལ་གྱི་ཆུ་ཚད་བསྒྱུར་བཀོད་དང་ཇེ་མཐོར་གཏོང་བར་རོགས་སྐྱོར་དང་། ཐོན་རྫས་ཀྱི་སྤུས་ཀ་ཇེ་བཟང་དུ་གཏོང་བ། ཐོན་སྐྱེད་བྱེད་རྒྱ་ཆེར་བསྐྱེད་དེ། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཚོང་རའི་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་དགོས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།