ཟི་ལིང་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གནད་དོན་གཉིས་བརྡ་ཁྱབ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11ཚེས13ཉིན་ཟི་ལིང་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་ཨུ་ལྷན་གྱིས་ཉེ་དུས་ཞིབ་བཤེར་ཐག་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་གཉིས་བརྡ་ཁྱབ་བཏང་བ་རེད།

ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྗོང་སློབ་གསོ་ཅུའུ་མི་དོན་ཁོའོ་ཡི་དེ་སྔའི་ཁོའོ་ཀྲང་ཧན་ཡུང་ཧྲོའུ་ཡིས་སྒྲིག་འགལ་ངང་གཉེན་སྒྲིག་གསོལ་སྟོན་བསྡུས་བའི་གནད་དོན། 2018ལོའི་ཟླ་8པར་ཧན་ཡུང་ཧྲོའུ་ཡིས་ཁོང་གི་བུ་ལ་གཉེན་སྒྲིག་གསོལ་སྟོན་གཉེར་སྐབས་རྫོང་སློབ་གསོའི་ཁོངས་གཏོགས་ཀྱི་དོ་དམ་བྱ་ཡུལ་མི65ཡི་སྟོན་སྐལ་སྒོར་ཁྲི2.21བླངས་པ་རེད། ཞིབ་བཤེར་བྱེད་རིང་ཧན་ཡུང་ཧྲོའུ་ཡིས་རང་འགུལ་ངང་སྒྲིག་འགལ་གྱིས་བླངས་པའི་སྟོན་སྐལ་སྒོར་ཁྲི2.21ཕྱིར་སློག་བྱས་པ་རེད། 2019ལོའི་ཟླ6པར་ཧན་ཡུང་ཧྲོའུ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།

ཧོང་ཀྲུང་རྫོང་ཧན་ཏུང་ཧུའེ་རིགས་ཤང་ཏང་ཨུའི་ཧྲུའུ་ཅི་པ་ཧུང་ཡོན་དང་ཤང་ཀྲང་གཞོན་པ་ལུའུ་ཧྲི་ལན་སོགས་ཀྱིས་སྒྲིག་འགལ་གྱིས་གཞུང་གྲོན་བཀོལ་བ་དང་སྒེར་འཁོར་སྤྱི་གསོ་སོགས་ཀྱི་གནད་དོན་བྱུང་བ་རེད། 2016ལོ་ནས2018ལོའི་བར་པ་ཧུང་ཡོན་གྱིས་སྒྲིག་འགལ་ངང་ཚན་པའི་ལས་བྱེད་པར་ཁ་གསབ་སྒོར་ཁྲི4སྤྲད་པ་དང་། པ་ཧུང་ཡོན་གྱི་གུང་གསེང་རིང་། ཀན་སུའུ་དང་། ཧྲན་ཤིས། སི་ཁྲོན། ཧོ་ནན་བཅས་ཞིང་ཆེན་བཞི་དང་། ཡ་རྫི་དང་བ་ཡན་སོགས་སུ་སྒྲིག་འགལ་ངང་ཚན་པའི་གཞུང་དོན་སྣུམ་སྣོན་བྱང་བུ་སྤྱད་དེ་སྒེར་འཁོར་ལ་སྣུམ་སྣོན་བྱས་པར་ཁྱོན་སྒོར་ཁྲི0.66ཟིན་པ་དང་། སྒྲིག་འགལ་ངང་ལས་བྱེད་པ་སྒྲིག་འཛུགས་བྱས་པའི་གཞུང་དངུལ་དང་རོལ་རྩེད་འཛད་སྤྱོད་ཐེངས་མང་བྱས་པར་ཁྱོན་སྒོར་ཁྲི3.58ཟིན་ཡོད། ནོར་དོན་ལས་བགོས་འགན་གཉེར་གྱི་ཤང་ཀྲང་གཞོན་པ་ལུའུ་ཧྲི་ལན་གྱིས་དོ་དམ་གནད་ལ་མི་འཁེལ་བ་དང་། ལས་ཀའི་འགན་འཁྲི་ལག་བསྟར་ཡང་དག་བྱས་མེད་པ། གཞུང་དངུལ་གཡོ་ལེན་ནང་ཞུགས་པ་དང་འབྲེལ་འགྲོ་གྲོན་རྩིས་ཞུ་བྱེད་ཀྱི་ཡོད་པ་རེད། 2019ལོའི་ཟླ9པར་པ་ཧུང་ཡོན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་བསྒྲགས་པ་དང་སྲིད་དོན་རིམ་པ་དམའ་རུ་གཏོང་བའི་ཆད་པ་བཅད་པ་དང་ཤང་ཀྲང་གཞོན་པ་ལུའུ་ཧྲི་ལན་ལ་སྲིད་དོན་སྐྱོན་ཐོ་འགོད་པའི་ཆད་པ་བཅད་ནས་སྒྲིག་འགལ་གྱི་ཐོབ་ཆ་ཕྱིར་སློག་བྱ་རྒྱུའི་བཀའ་བཏང་བ་རེད།

བརྡ་ཁྱབ་ནང་གོང་གསལ་གྱི་གནད་དོན་གཉིས་ཐོག་ནས་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ལམ་ནན་དུ་གཏོང་བའི་གནས་ཚུལ་འོག་ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་སྲུང་བའི་འདུ་ཤེས་སྔར་བཞིན་བརྟན་པོ་མེད་པ་གསལ་བཤད་བྱས་ཡོད། ཟི་ལིང་གྲོང་ཁྱེར་གྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་དེའི་ཁྲོད་ནས་བསླབ་བྱ་ལེན་པ་དང་། བསླབ་བྱར་འཛིན་པ། རང་སྐྱོན་རང་བརྟག་བྱེད་པ། སྣེ་ཁྲིད་དེ་སྒྲིག་ཁྲིམས་ནན་སྲུང་། སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ཏེ་སྒྲིག་ཁྲིམས་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་འགན་འཁྲི་འཁུར་དགོས། ཟི་ལིང་གྲོང་ཁྱེར་གྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མུ་མཐུད་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བཅོས་སྒྲིག་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཡ་མེད་སྒྲིག་འགལ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལས་འགལ་བའི་མངོན་གསལ་དོད་པའི་གནད་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་གནད་སྨིན་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།