མཚོ་སྔོན་ཞིང་ཆེན་གྱིས་རང་བྱུང་ཐོན་ཁུངས་དོ་དམ་ལས་བྱེད་པའི་གསོ་སྐྱོང་འཛིན་གྲྭ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། རང་བྱུང་ཐོན་ཁུངས་པུའུ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱ་ཆེད་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་དོ་དམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་མ་ལག་གི་དོ་དམ་ལས་བྱེད་པ140ལྷག་དུས་ཡུན་ཉིན་གསུམ་གྱི་གསོ་སྦྱོང་ནང་ཞུགས་པ་རེད།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་རང་བྱུང་ཐོན་ཁུངས་པུའུ་ཡི་འབྲེལ་ཡོད་སི་དང་ཅུའུ་ཡི་འགོ་ཁྲིད་དང་ཆེད་མཁས་པས་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཏན་འཁེལ་ཐོ་འགོད་དང་། རང་བྱུང་ཐོན་ཁུངས་གསར་སྤེལ་བེད་སྤྱོད། རྒྱལ་ཁོངས་བར་སྟོང་འཆར་འགོད། རྒྱལ་ཁོངས་བར་སྟོང་གི་སྤྱོད་སྒོའི་དོ་དམ། རྨོ་ཞིང་སྲུང་སྐྱོང་དང་ས་ཆ་གྲོན་ཆུང་སོགས་ཀྱི་སྐོར་ནས་ཆེད་དོན་སློབ་ཁྲིད་གནང་བས་ནང་དོན་ཁྱབ་རྒྱ་ཆེ་ལ་མ་ལག་རང་བཞིན་ཆེན་པོ་ལྡན་པ་རེད།

 ཤེས་རྟོགས་བྱུང་བ་ལྟར་ན། 2009ལོ་ནས་བཟུང་རང་བྱུང་ཐོན་ཁུངས་པུའུ་ཡི་མི་དོན་སི་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ཤེས་ལྡན་མི་སྣས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་ཏན་ཏིག་ངང་སྤེལ་ཞིང་། ལོ་བཅུའི་རིང་མཚོ་སྐྱོར་ལས་སྟེགས་དང་ཕྱོགས་གཉིས་ཀྱི་ལམ་སྲོལ་བརྒྱུད་དེ་མཚོ་སྔོན་གྱི་ཁྲུའུ་རིམ་པའི་ལས་བྱེད་པ9པུའུ་རིམ་པའི་ལས་ཁུངས་དང་ཐད་གཏོགས་ལས་ཁུངས་སུ་གནས་སྦྱར་སྦྱོང་བརྡར་བྱེད་པར་བཏང་བ་དང་། ཧྲན་ཏུང་དང་། ཅང་སུའུ། པེ་ཅིང་སོགས་ས་ཁུལ་གྱིས་མཚོ་སྔོན་གྱི་ལས་བྱེད་པ60ལ་གནས་སྦྱར་སྦྱོང་བརྡར་དང་ལེན་བྱེད་པར་མཐུན་རྐྱེན་བསྐྲུན་པ་དང་། ཀོང་ཏུང་དང་ཧྲང་ཧའེ། ཨན་ཧུའེ། ཧྲན་ཏུང་། ལེའོ་ཉིང་སོགས་ནང་སའི་ལས་བྱེད་པ9མཚོ་སྐྱོར་གནས་སྦྱར་བྱེད་པར་མངགས་པ་སོགས་ཤེས་ལྡན་མི་སྣ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འབྲེལ་ཐག་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་དོ་དམ་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད། དེ་དང་ཆབས་ཅིག་པུའུ་མི་དོན་སི་ཡིས་མཚོ་སྔོན་ཞིང་ཆེན་གྱིས་ཅང་སུའུ་དང་། ཀྲེ་ཅང་། ཧྲན་ཏུང་། ཀོང་ཏུང་། ཧོ་པེ་སོགས་སུ་གསོ་སྦྱོང་འཛིན་གྲྭ་ཐེངས6བསྒྲུབ་པར་རོགས་སྐྱོར་བྱས་ཤིང་གསོ་སྦྱོང་མི་གྲངས200ལྷག་ཙམ་ཟིན་ནས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་མ་ལག་དོ་དམ་ལས་བྱེད་པའི་དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་དང་ལས་སྒོའི་ཆུ་ཚད་མཐོ་རུ་བཏང་བ་རེད།

སློབ་མ་ཚོས་ངེས་པར་དུ་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་བྱས་ནས་མཚོ་སྔོན་གྱི་རང་བྱུང་ཐོན་ཁུངས་དོ་དམ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སློབ་སྦྱོང་ནན་ཏན་དང་བསམ་གཞིགས་གཏིང་ཟབ་བྱེད་པ་དང་། མི་འདང་ས་བཙལ་འཚོལ་དང་ལེགས་ཆ་གསབ་རེས་བྱས་ཏེ་གནད་དོན་ཐག་གཅོད་དང་སྒྱུར་བཅོས་གསར་གཏོད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད། ། 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།