མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པའི་ལྟ་སྐུལ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ལྟ་སྐུལ་བྱ་བའི་གྲོས་ཚོགས་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན་ཟི་ལིང་ནས་ཚོགས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། དུས་སྐབས་གསར་བའི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ལྟ་སྐུལ་བྱ་བ་བཟང་བོར་སྒྲུབ་པའི་ཐད་ནས་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ཡུས་ཡན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། རིམ་པ་སོ་སོའི་རྩ་འཛུགས་མི་དོན་སྡེ་ཁག་གིས་སེམས་ཞིབ་མོས་སློབ་སྦྱོང་རྩ་འཛུགས་བྱེད་པ་མ་ཟད། ད་ལྟ་སྤེལ་བཞིན་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོར་ཟུང་འབྲེལ་བྱས་ནས་བཀོད་སྒྲིག་བྱེད་པ་དང་། སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་པར་དོ་སྣང་བྱེད་པ། ཟུང་འབྲེལ་བཟང་བོ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྩ་འཛུགས་བྱ་བའི་གོ་རིམ་ཧྲིལ་བོའི་ཁྲོད་ལག་བསྟར་བྱེད་དགོས། ཁོ་མོས་ནན་གྱིས་བསྟན་དོན།  དུས་རབས་གསར་བའི་ལས་བྱེད་པའི་ལྟ་སྐུལ་བྱ་བ་བཟང་བོར་སྒྲུབ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་བྱེད་པར་དོ་དམ་ལྟ་སྐུལ་ནན་མོ་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན། རྒྱལ་ཡོངས་ལས་བྱེད་པའི་ལྟ་སྐུལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་བའི་ལས་བྱེད་པའི་ལྟ་སྐུལ་བྱ་བའི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། ལས་བྱེད་པའི་ལྟ་སྐུལ་བྱ་བའི་འགན་འཁྲི་གཙོ་བོ་ཕྲག་ཏུ་ལེན་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་དགོས། དཀྱིལ་སྙིང་ལ་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཁག་ཁུར་སྤྱོད་ཚུལ་གནས་ཚུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་དགོས། འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་བྱ་བའི་སྙན་ཞུ་འབུལ་རྒྱུ་དེ་སྣེ་ཁྲིད་དུ་བྱས་ནས། ཉིན་རྒྱུན་གྱི་ལྟ་སྐུལ་བཟང་བོར་སྤེལ་དགོས། ལས་བྱེད་པའི་འདེམ་བསྐོ་བཀོལ་སྤྱོད་བྱ་བའི་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་བྱེད་ཐབས་ལག་བསྟར་བྱས་ཏེ། མི་འདེམ་མི་བཀོལ་ཐད་ཀྱི་ལྟ་སྐུལ་གཏིང་ཟབ་ཏུ་སྤེལ་དགོས། ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས། ལས་བྱེད་པའི་ལྟ་སྐུལ་བྱ་བའི་ལམ་ལུགས་ལག་བསྟར་བྱེད་པར་དམ་འཛིན་བྱེད་དགོས། ལས་བྱེད་པའི་ལྟ་སྐུལ་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བློ་དཀར་སྤྱོད་གཙང་དང་ཁག་ཁུར་ཡོད་ཅིང་སྤུས་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་སྐྱེད་སྲིང་བྱེད་པའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།