མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་ཟུང་བཞུགས་མོལ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་ཟུང་བཞུགས་མོལ་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ནས་བཟོ་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་སྐོར་ནས་གྲོས་མོལ་སྲིད་གླེང་བྱས། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོ་ཡུང་། ཏུའུ་ཅེ་བཅས་གྲོས་ཚོགས་སུ་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་དུ། བློ་མཐུན་དྲུག་གིས་ཞིང་ཆེན་སྲིད་གྲོས་ཨུ་ཡོན་དང་གྲོང་ཁྱེར་དང་ཁུལ་གྱི་ཨུ་ཡོན་རྣམས་ཀྱི་འཐུས་ཚབ་བྱས་ཏེ་བརྗེ་རེས་གཏམ་བཤད་བྱས། རྟོག་ཞིབ་ལ་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་ཡིག་ངོས་གཏམ་བཤད་ཉེར་བདུན་ལྷག་འདོན་སྤྲོད་བྱས། ཚང་མས་བསྟན་དོན། ཞིང་ཆེན་སྲིད་གཞུང་གིས་བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་སུ་གཏོང་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། བརྟན་འཇགས་དྲུག་སྣེ་འཛིན་ས་བྱས་ནས་མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། བཟོ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གསར་སྐྲུན་བྱེད་ཕྱོགས་ལག་བསྟར་བྱེད་པ་བཅས་ཀྱི་ཐད་གྲུབ་འབྲས་ཅུང་བཟང་པོ་བླངས་ཡོད། འོན་ཀྱང་བརྟན་འཇགས་ཀྱི་ཁྲོད་ནས་འགྲོས་ཚད་དལ་བ་དང་གནོན་ཤུགས་ཀྱི་ཐེག་འཁུར་མངོན་གསལ་ཡིན་པ། བརྟན་འཇགས་ཀྱི་ཁྲོད་ནས་འཕར་སྣོན་ཡོང་བ་ལ་གནོན་ཤུགས་ཆེ་རུ་འགྲོ་བ་སོགས་དངོས་ཡོད་དཀའ་ངལ་མང་པོར་ཁ་གཏད་འཇལ་དགོས་ཀྱིན་ཡོད་ཟེར།

ཨུ་ཡོན་རྣམས་ཀྱིས་རེ་བ་འདོན་རྒྱུར། རྒྱལ་གཉེར་དཔལ་འབྱོར་གཏིང་ཟབ་སྒོས་བཅོས་སྒྱུར་བྱེད་པ་དང་། བཟོ་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་བཏང་ནས། དཔལ་འབྱོར་དུས་སྐབས་གསར་བའི་དངུལ་རྩའི་ཞབས་ཞུའི་དགོས་མཁོ་གསར་པ་དང་བསྟུན་དགོས་ལ། དངོས་ཕུང་དཔལ་འབྱོར་གྱི་ཞབས་ཞུའི་ནུས་པ་རྒྱུད་མཐུད་སྒོས་བཅོས་སྒྱུར་བྱས་ནས། ཐོན་ལས་ཚུལ་སྒྱུར་རིམ་འཕར་གྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་དགོས། མཚོ་སྔོན་གྱི་ནུས་ཁུངས་གསར་བའི་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། ཁེ་ལས་གཙོ་བོ་ལ་རྒྱབ་སྐྱོར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ལིས་གློག་ལས་རིགས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་སུ་གཏོང་དགོས་ཟེར།

ཝང་ལིས་མེན་གྱིས་གཟབ་ནན་གྱིས་ཉན་རྗེས་ཨུ་ཡོན་རྣམས་ཀྱི་བསམ་ཚུལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་གྲོས་མོལ་གྱི་བརྗོད་གཞིར་བཟུང་བ་དེ་ནི་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་ཡང་རེད། བརྗོད་གཞི་དེས་དངོས་ཡོད་དང་ཟུང་འབྲེལ་བྱས་ནས། གནད་ས་དམ་འཛིན་དང་དཀའ་གནད་དབྱེ་ཞིབ་བྱས་ཏེ། ང་ཚོའི་བཟོ་ལས་དཔལ་འབྱོར་གྱི་བྱ་བ་སྒྲུབ་པར་ཟུར་ལྟ་རང་བཞིན་དང་བློ་འབྱེད་རང་བཞིན་གྱི་དོན་སྙིང་ཆེན་པོ་ལྡན་ཟེར།

ཝང་ཞོ་ཡུང་གིས་གྲོས་ཚོགས་ལ་མདོ་འཛིན་བྱེད་དུས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱིས་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཀྲུང་དབྱང་སྲིད་གྲོས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་ཤིང་། བྱ་བའི་ཁྲོད་དུ་ལག་བསྟར་དངོས་འབེབ་བྱས་པ་མ་ཟད། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཆེ་ཕྱོགས་དང་དམ་དུ་སྦྲེལ་ནས། སང་ལོའི་བྱ་བ་གཙོ་བོའི་སྐོར་ལ་བཞུགས་མོལ་བྱས་ཏེ། ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་འབྲེལ་འདྲིས་ལ་ཤུགས་བསྣན་ནས། ཕྱོགས་སོ་སོའི་བསམ་ཚུལ་བསྡུ་ལེན་དང་། བརྗོད་གཞི་གདམས་པ་སྤུས་ལེགས་ཡོང་བར་ཁག་ཐེག་བྱས་ནས། ཞིང་ཆེན་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

ཏུའུ་ཅེ་ཡིས་ཐེངས་འདིའི་ཟླ་ཟུང་བཞུགས་མོལ་ཚོགས་འདུའི་སྔོན་གྱི་རྟོག་ཞིབ་གྲ་སྒྲིག་དང་རྩ་འཛུགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། ཞིང་ཆེན་སྲིད་གྲོས་ཀྱི་རྩ་འཛུགས་ཁྲོད་ཞུགས་པའི་ཨུ་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་གསར་བའི་འདུ་ཤེས་ཀྱི་གསུངས་བཤད་གལ་ཆེན་སྐོར་ལ་སློབ་སྦྱོང་ནན་མོ་བྱས་ཤིང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ཡིག་ཆ་དང་། རྟོག་ཞིབ་བྱེད་པའི་རྨང་གཞིའི་གཞུང་ལུགས་ཡིག་ཆ་བཅས་ལ་རྒྱུས་ལོན་ཟབ་མོ་བྱས་རྗེས། རྟོག་ཞིབ་རུ་ཁག་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཟི་ལིང་གྲོང་ཁྱེར་སོགས་སུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་ཤིང་། བཞུགས་མོལ་བརྗེ་རེས་དང་། ཁེ་ལས་ལ་འཚམས་འདྲི་བྱེད་པ་བཅས་བྱས་ནས་གནས་ཚུལ་ལ་རྒྱུས་ལོན་དང་། དབྱེ་ཞིབ་ཞིབ་འཇུག་ནན་མོ་བྱས་ནས། ཐེངས་འདིའི་བཞུགས་མོལ་གྲོས་ཚོགས་ལ་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ས་གནས་དངུལ་རྩའི་ལྟ་སྐུལ་ཅུའུ། ཞིང་ཆེན་ནུས་ཁུངས་གསར་བའི་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གྲོས་ཚོགས་སུ་ཞུགས་ནས། ཨུ་ཡོན་རྣམས་ཀྱི་བསམ་ཚུལ་ལ་ཉན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།