རྨ་ལྷོའི་ཁྱད་ལྡན་ཐོན་ལས་འོས་སྦྱོར་ཚོགས་འདུ་པེ་ཅིང་དུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས4ཉིན། “རབ་མཛེས་མཚོ་སྔོན•ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་མཚོ་སྔོན་མི་རིགས་རང་སྐྱོང་ས་ཁུལ་གྱི་འཕེལ་རྒྱས་འགྲེམས་སྟོན”པེ་ཅིང་དུ་འཚོགས། རྒྱལ་ཁབ་མི་རིགས་ལས་དོན་ཐིན་གྱི་ཀྲུའུ་རིན་ལི་ཁྲིན་ལིན་དང་། རྒྱལ་ཁབ་མི་རིགས་ལས་དོན་ཐིན་ལྟ་སྐུལ་ཞིབ་བཤེར་ཟིའི་ཟི་ཀྲང་སུའེ་ཆིང་དང་ཟི་ཀྲང་གཞོན་པ་ལི་ཀྲུང་ཞུའེ། ཐེན་ཅིན་གྲོང་ཁྱེར་མཉམ་ལས་སྤེལ་རེས་གཞུང་དོན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཆིང་ཅི། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་མཱ་ཀྲི་མེན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆའོ་ཞུའེ་ཀྲི། དུས་ཡུན་རིང་པོར་རྨ་ལྷོའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བའི་པེ་ཅིང་དང་ཐེན་ཅིན། ཧུའུ་པེ་བཅས་ཀྱི་ཁེ་ལས་གྲགས་ཅན། ཞིང་ཆེན་ཕྱི་ནང་གི་སྨྱན་སྦྱོར་ཆེ་གྲས་ཁག་གི་གསར་འགོད་པ། རྨ་ལྷོ་ཁུལ་གྱི་གཞི་རིམ་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན། ངལ་རྩོལ་དཔེ་ལེགས་ཅན། མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྒེར་སོགས་བསྡོམས་པས་མི240ལྷག་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་འཛོམས་ཏེ། རྨ་ལྷོའི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་དང་ཁྱད་ལྡན་ཐོན་ལས་འོས་སྦྱོར་ཚོགས་འདུར་ཞུགས་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་རིང་གི་རྨ་ལྷོ་ཁུལ་གྱི་གྲུབ་འབྲས་དང་འཕོ་འགྱུར་ཆེན་པོར་ཐུན་མོང་གིས་བདེན་དཔང་བྱས།

བྱ་འགུལ་སྟེང་ཁུལ་དཔོན་ཆའོ་ཞུའེ་ཀྲི་ཡིས་ཤིས་ཚིག་ཕུལ་བ་དང་། ཁུལ་དཔོན་གཞོན་པ་ཞའོ་ཧྥེ་ཧུའུ་ཡིས་སྐུ་མགྲོན་རྣམས་ལ་རང་ཁུལ་གྱི་ཁྱད་ལྡན་ཐོན་ལས་དང་འགྲིམ་འགྲུལ། ཆུ་བེད། གློག་ཤུགས། སྐྱེ་ཁམས། སྲིད་ཇུས་སོགས་ཀྱི་ཐད་ནས་རྨ་ལྷོ་ཁུལ་གྱི་མ་འཇོག་ལས་གཏོད་ཀྱི་ལེགས་ཆ་ངོ་སྤྲོད་བྱས། བྱ་འགུལ་སྟེང་ད་དུང་རྨ་ལྷོའི་མི་རིགས་ཀྱི་ཁྱད་ཆོས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་ཉམས་འགྱུར་ལྡན་པའི་རིག་རྩལ་ལེ་ཚན་བརྒྱུད་ནས་འཁྲབ་སྟོན་བྱས་པ་དང་། བོད་རྒྱ་སྐད་རིགས་གཉིས་ཀྱི《ང་དང་ངའི་མེས་རྒྱལ》ཞེས་པའི་གླུ་དབྱངས་ཀྱིས་ཡུལ་དངོས་ཀྱི་མཁའ་དབུགས་འཁྲུག་ཆ་དོད་པོར་བཟོས་ལ། ཡུལ་དངོས་ཀྱི་སྐུ་མགྲོན་རྣམས་ཀྱིས་ཀྱང་འཁྲབ་སྟོན་པ་དང་མཉམ་དུ་སྟངས་སྟབས་བསྒྱུར་ནས་མེས་རྒྱལ་ལ་དགའ་ཞེན་མཚོན་པ་དང་མཉམ་དུ་རྨ་ལྷོའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས།

ཡུལ་དངོས་ནས་ཀྲུང་གོ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་ཚོགས་པ་དར་གོས་ལམ་བུའི་ལྗང་མདོག་འཕེལ་རྒྱས་ཞིབ་འཇུག་ཁང་དང་། པེ་ཅིང་ཐེན་ཧི་ཡུང་ཞིན་ཚན་རྩལ་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་སོགས་ཁེ་ལས6གི་འཐུས་མིས་ཁུལ་དང་རྫོང་སྲིད་གཞུང་དང་མཉམ་ལས་གྲོས་མཐུན6བཞག་པར། སྤྱིའི་གན་འཇོག་མ་དངུལ་སྒོར་དུང་ཕྱུར4.1ལ་བསླེབས་ཡོད།

སྙིང་འབུམ་དང་གདུགས་དཀར། ཕྱག་རྡོར། དགེ་འདུན་དར་རྒྱས། ཤ་བོ་སྐྱབས། བློ་བཟང་བསྟན་པ་བཅས་རེབ་གོང་གི་རྒྱལ་ཁབ་རིམ་པའི་བཟོ་རྩལ་མཛེས་རྩལ་མཁན་པོ6གིས་དུས་ཡུན་ལོ་གཉིས་རིང་ལ་མཉམ་འབྲེལ་གྱིས་གསར་བཞེངས་བྱས་ཤིང་། རིང་ཚད་ལ་སྨི5.6དང་མཐོ་ཚད་ལ་སྨི1.5ཡོད་པའི་ཐང་ག་ཆེ་གྲས《མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ•ཁྱིམ་མི་ལྷན་འཛོམས་ཀྱི་འདྲ་པར》ཞེས་པ་འགྲེམས་སྟོན་ཚོམས་ཆེན་ནུབ་མ་རུ་འགྲེམས་སྟོན་བྱས་པ་ལ་རྒྱ་ཆེའི་ལྟད་མོ་བ་དག་གིས་དགའ་བསུ་ཚད་མེད་ཐོབ་ཡོད། བརྩམས་ཆོས་དེ་ནི་མུ་ཏིག་དང་བྱུ་རུ་སོགས་རང་བྱུང་གཏེར་རྫས་ལས་གྲུབ་ལ་མཐའ་རྒྱན་ཡང་རེབ་གོང་སྒྱུ་རྩལ་གྱི་འཚེམ་དྲུབ་བཟོ་རྩལ་ལ་བརྟེན་ནས་བཟོས་པ་རེད། ཐང་ག་ཧྲིལ་བོའི་སྟེང་གི་མི་སྣའི་གསར་རྩོམ་ཐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་དང་མཉམ་དུ་བཞུགས་དུས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་མངོན་པར་མཚོན་ཡོད་ལ། མི་རིགས56གིས་མཐའ་ནས་བསྐོར་བའི་མཐུན་སྒྲིལ་གྱི་གསེར་ཟམ་དེ་དང་། རྒྱབ་ལྗོངས་ལ་གནམ་བདེ་སྒོ་མོ་ཆེ་ལྟེ་བ་ཡིན་ཞིང་གཡོན་ངོས་སུ་ཁུ་ནུ་རི་བོ་དང་མཚོ་སྔོན་པོ། འབྲི་ཆུ། རྨ་ཆུ། རྫ་ཆུ། བཅས་ཡོད་པ་དང་པར་རིས་ཧྲིལ་བོ་ཚོན་མདོག་སྣ་ལྔའི་སྤྲིན་རིས་ཀྱིས་བརྒྱན་ཡོད། བརྩམས་ཆོས་ཀྱི་བཞེངས་ཚུལ་ཚད་དང་ལྡན་ལ་གསོན་ཉམས་ཀྱིས་ཕྱུག་པ་དང་། མཚོ་སྔོན་གྱི་རི་ཆུའི་བརྗིད་ཉམས་དང“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”པའི་ནང་དོན་མཚོན།

མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་གཙང་གསུམ་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་ལྕོག”ལ་སྲུང་སྐྱོང་བྱེད་པའི་ཆོད་སེམས་ཀྱང་བསྟན་ཡོད་པ་དང་། ལྷག་དོན་རིགས་སོ་སོའི་མི་དམངས་ཀྱིས་གཙོ་འཛིན་ལ་བརྩི་བཀུར་ཞུ་བ་དང་། གཙོ་འཛིན་ལ་དགའ་མོས་བྱེད་པ། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”བའི་བརྗོད་དོན་གསལ་བོ་ལེགས་པར་བསྟན་ལ། རང་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་རྔུལ་ཆུ་དང་བློ་གྲོས་ལ་བརྟེན་ནས་བསྐྲུན་པའི་འོད་སྟོང་འཕྲོ་བའི་རིག་གནས་ཕྱིར་མངོན་ཡོད་པ་རེད།

རེབ་འདིའི་འགྲེམས་སྟོན་ལ་རང་ཁུལ་གྱིས་སྐྱེ་ཁམས་རྨ་ལྷོ་དང་བདེ་སྐྱིད་རྨ་ལྷོ། མི་ཆོས་རྨ་ལྷོ། མདུན་སྐྱོད་རྨ་ལྷོ་བཅས་འགྲེམས་ཁུལ་བཞི་བཙུགས་ཤིང་། ཤ་བོ་སྐྱབས་སོགས་རེབ་གོང་སྒྱུ་རྩལ་མཁན་པོ5གདན་དྲངས་ཏེ་ཡུལ་དངོས་ནས་ཐང་ག་དང་འཇིམ་བཟོ། རྡོ་བརྐོས། དཀྱིལ་འཁོར་སོགས་གཟུགས་མེད་རིག་གནས་ཤུལ་བཞག་བཟོ་རྩལ་འགྲེམས་སྟོན་བྱས་པས་ལྟད་མོ་བ་ཡོངས་ཀྱི་ཡིད་དབང་ཕྲོགས། རང་ཁུལ་གྱིས་མཚོ་སྔོན་ས་མཐོའི་ནོར་གནག་འོ་ལས་ཚད་ཡོད་སྤྱི་གཉེར་ཁང་དང་མཚོ་སྔོན་དྭངས་བསིལ་ལྷ་ཆབ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་། མཚོ་སྔོན་རིག་ལྡན་གྲོང་ཁྱེར་ཚོང་དོན་ཞབས་ཞུ་ཚད་ཡོད་སྤྱི་གཉེར་ཁང་སོགས་རྩ་འཛུགས་བྱས་ནས་མི་རིགས་རིག་གནས་ཕོ་བྲང་གི་ཐང་ཆེན་དུ་ཐོན་རྫས་འགྲེམས་སྟོན་དང་ཕྱིར་འཚོང་བྱས། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།