ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་ཧྲིན་ཀྲིན་དུ་སྒོར་དུང་ཕྱུར1.8ཀྱི་ཚོང་གན་བཞག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། “རང་བྱུང་ལྷུན་གྲུབ་ཀྱི་མོང་ཆི•སྐྱེ་ལྡན་ཐོན་རྫས་ཀྱི་འབྱུང་ཡུལ”མཚོ་སྔོན་ཞིང་ཆེན་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི2019ལོའི་ཀྲུང་གོའི་ཀྲུའུ་སན་ཅའོ(ཧྲིན་ཀྲིན)ཚོང་འགུགས་དངུལ་འདྲེན་དང་སྐྱེ་ལྡན་ཐོན་རྫས་འོས་སྦྱོར་ཚོགས་འདུ་ཧྲིན་ཀྲིན་དུ་འཚོགས། ཧི་ནན་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་འོས་སྦྱོར་ཚོགའ་འདུ་ནི་ཉེ་བའི་ལོ་གཉིས་ནང་དུ་ཧི་ནན་རྫོང་གིས་པེ་ཅིང་དང་མཁར་སྔོན་པོ་སོགས་ས་ཁུལ་ནས་སྐྱེ་ལྡན་ཐོན་རྫས་འོས་སྦྱོར་ཚོགས་འདུ་འཚོགས་ཚུན་དུ། རྒྱལ་ཁའི་ངང་འཚོགས་པའི་ཚོང་འགུགས་འོས་སྦྱོར་ཚོགས་འདུ་ཐེངས་བཞི་བ་ཡིན།

ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ལ་ཧི་ནན་རྫོང་གིས་སྐྱེ་ལྡན་ཐོན་ལས་དང་རིག་གནས་ཡུལ་སྐོར། མི་རིགས་ལག་ཤེས་བཟོ་ལས་སོགས་ཀྱི་ཁེ་ལས་དང་མཉམ་ལས་ཁང12རྩ་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། ཐོན་རྫས་ལ་ཤོ་དོ་སྐམས་ཤ་དང་། དངུལ་རྭ་ལུག དྭངས་བསིལ་ལྷ་ཆབ། འོ་མའི་ཐོན་རྫས། བལ་བཟོས་ཐོན་རྫས་སོགས་ཐོན་རྫས་སྣ་ཁ་བཅུ་འགྲེམས་སྟོན་ནང་ཞུགས་པ་ལ། ཚོགས་ཞུགས་སྐུ་མགྲོན་དག་གི་བསྔགས་བརྗོད་ཐོབ་ཡོད་པ་རེད། པེ་ཅིང་དང་སི་ཁྲོན། ནང་སོག ཀྲུའུ་སན་ཅའོ་སོགས་ས་ཁུལ་གྱི་ཁེ་ལས་འཐུས་མི160ལྷག་དང་ཧི་ནན་རྫོང་གི་འཐུས་ཚབ་ཚོགས་པ་བཅས་ཁྱོན་བསྡོམས་མི500འགྲེམས་སྟོན་ཚོགས་འདུར་ཞུགས་ཡོད།

འོས་སྦྱོར་ཚོགས་འདུའི་སྟེང་ད་དུང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བཀྲ་ཤིས་ཀྱིས་ཧི་ནན་མོང་ཆིའི་ཐུན་མོང་མ་ཡིན་པའི་ས་ཁམས་ལེགས་ཆ་དང་སོག་བོད་རིག་གནས་ངོ་སྤྲོད་བྱས། ཀྲུང་གོ་ཚོང་རོགས་ཞིབ་འཇུག་ཁང་ནོར་ལུག་ཐོན་ལས་ཞིབ་འཇུག་ཁང་གི་ཡོན་ཀྲང་ལི་ལི་ཁྲན་གྱིས་སྐུ་མགྲོན་རྣམས་ཀྱི་ཚབ་བྱས་ནས། ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་ཟོང་རྟགས་དང“རང་བྱུང་ལྷུན་གྲུབ་ཀྱི་མོང་ཆི•སྐྱེ་ལྡན་ཐོན་རྫས་ཀྱི་འབྱུང་ཡུལ”བརྗོད་དོན་རྒྱས་བཤད་གནང་བ་རེད།

འོས་སྦྱོར་ཚོགས་འདུའི་སྟེང་། ཧི་ནན་རྫོང་དང་སི་ཁྲོན་དབྱི་མཱ་གནམ་འོག་དྲ་རྒྱ་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་དང་ཁེ་ལས8ཀྱི་འཐུས་མི་དང་མཉམ་དུ་ཡུལ་དངོས་ནས་གན་རྒྱ་བཞག་ཅིང་། དེར་ས་ཁོངས་བར་ཟོང་རྟགས་མཉམ་ལས་དང་ས་ཁོངས་ཟོང་རྟགས་དྲིལ་སྒྲོག་ཁྱབ་གདལ་དུ་གཏོང་བ། སྐམས་ཤའི་ཐོན་རྫས་སྣ་ཚོགས་གསར་སྤེལ་དང་ཕྱིར་འཚོང་ལས་ཚབ། གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་བཅས་ཀྱི་ནང་དོན་འདུ་ལ། གན་རྒྱའི་མ་དངུལ་སྒོར་དུང་ཕྱུར1.8ལ་བསླེབས།

ཧི་ནན་རྫོང་གིས་རེབ་འདིར་ཧྲིན་ཀྲིན་དུ་སྐྱེ་ལྡན་ཐོན་རྫས་འོས་སྦྱོར་ཚོགས་འདུ་བདེ་བླག་ངང་བསྒྲུབས་པ་ཡིས། ཧི་ནན་རྫོང་གི་ཁྱད་ལྡན་ཟོང་རྟགས་རྒྱལ་སྤྱི་འི་་གྲོང་ཁྱེར་ཆེན་པོར་བསྐྱོད་པ་དང་། ཟོང་རྟགས་ཀྱི་ཤུགས་རྐྱེན་མཐོར་འདེགས་སུ་གཏོང་བ། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་རྩྭ་ཐང་ནས་ཕྱིར་འབུད་པར་སྣེ་ཁྲིད་པ། གོམ་སྟབས་བརྟན་པོས་ཆེ་འབྲིང་གྲོང་ཁྱེར་གྱི་ཚོང་རར་འཇུག་པ་ལ་ཕན་ཡོད་ཀྱི་ཁ་ཕྱོགས་སྟོན་ཐུབ་ཡོད། 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།