གསར་འགོད་པའི་དུས་ཆེན་གྱི་བྱུང་རིམ་དང་ལོ་རྒྱུས།

微信图片_20191108092457.jpg

གསར་འགོད་པའི་དུས་ཆེན་ནི་ནད་གཡོག་པའི་དུས་ཆེན་དང་དགེ་རྒན་དུས་ཆེན། སྨན་པའི་དུས་ཆེན། ཞིང་བའི་སྟོན་སྡུད་དུས་ཆེན་སོགས་དང་འདྲ་བར་རང་རྒྱལ་ཁོ་ནར་ཡོད་པའི་ལས་རིགས་རང་བཞིན་གྱི་དུས་ཆེན་ལྔ་ཡོད་པ་ལས་གཅིག་ཡིན། དུས་ཆེན་འདི་ག་ནི་ཀྲུང་གོ་གསར་བ་དབུ་མ་བརྙེས་གོང་ནས་ཡོད་ན་ཡང་དུས་ཆེན་གྱི་ཉི་མ་བྱེ་བྲག་ཏུ་གཏན་འཁེལ་བྱས་མེད་པའི་རྐྱེན་གྱིས་གསར་འགྱུར་ལས་ཞུགས་པ་རྣམས་ཀྱིས་དུས་ཡུན་རིང་བོ་ཞིག་ལ་གསར་འགོད་པའི་དུས་ཆེན་ལ་རོལ་མ་ཐུབ་པ་རེད།

དེ་ནས2000ལོའི་ཟླ་དང་པོའི་ཚེས25ཉིན། ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས༼ 全国新闻工作者协会 ༽ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གསར་འགོད་པའི་དུས་ཆེན་གྱི་བྱེ་བྲག་དུས་ཚོད་གཏན་འཁེལ་བྱ་རྒྱུའི་རེ་འདུན་བཏོན་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་སྒྲུབ་ཁང་གི་ཆེད་མཁས་པས་ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་བྱས་ཏེ། ཙུང་ལིས་དང་ཙུང་ལིས་གཞོན་པ་སོགས་ལ་ཡར་ཞུ་དང་དེ་མིན་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གཞན་དག་གི་བསམ་ཚུལ་ལ་ཉན་རྗེས། 2000ལོའི་ཟླ་8པའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་རེའི་ཟླ11པའི་ཚེས་བརྒྱད་དེ་གསར་འགོད་པའི་དུས་ཆེན་གྱི་ཉིན་མོ་ཡིན་པ་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ལ་དངོས་སུ་ཆོག་མཆན་བཀོད་དེ་གཏན་འཁེལ་བྱས། དེ་ནས་བཟུང་ཀྲུང་གོ་གསར་བའི་གསར་འགྱུར་ལས་རིགས་མི་སྣ་ཡོངས་ལ་རང་ཉིད་ལ་དབང་བའི་དུས་ཆེན་ཡོད་པར་གྱུར་པ་རེད། དེ་ཡང་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་བཙུགས་པའི་ཉིན་མོ་སྟེ་ཟླ11པའི་ཚེས8ཉིན་ནི་གསར་འགོད་པའི་དུས་ཆེན་དུ་གཏན་འཁེལ་བྱ་དོན་ཡང་གཅིག་ནས་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་གྱིས་ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་ལ་རྒྱ་ཆེ་བའི་ཀྲུང་གོའི་གསར་འགྱུར་ལས་མཁན་ཡོངས་ཕྱོགས་གཅིག་ཏུ་སྒྲིལ་ཏེ་ཀྲུང་གོའི་གསར་འགྱུར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་དང་རྒྱལ་སྤྱིའི་གསར་འགྱུར་སྡེ་ཁག་ལ་མཛའ་བརྩེའི་སྦྲེལ་ཟམ་སྐྲུན་པའི་ཕྱོགས་ལ་བྱས་རྗེས་ཆེན་པོ་བཞག་པས་ཡིན་ལ། གཉིས་ནས་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ནི་ཀྲུང་དབྱང་རིམ་པའི་གསར་འགྱུར་ལས་ཁུངས་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་སོ་སོའི་གསར་འགྱུར་ལས་རིགས་མཐུན་ཚོགས་དང་ཆེད་ལས་སོ་སོའི་མཐུན་ཚོགས་དང་དེ་མིན་གྱི་གསར་འགྱུར་སྡེ་ཁག གསར་འགྱུར་ལས་ཞུགས་མི་སྣ་སོགས་ཀྱིས་གྲུབ་པའི་རྒྱལ་ཡོངས་རང་བཞིན་གྱི་མི་དམངས་ཚོགས་པ་ཞིག་ཡིན་པས་རྒྱལ་ཡོངས་གསར་འགྱུར་ལས་ཞུགས་པ་འབུམ་བདུན་ལྷག་གི་འཐུས་ཚབ་ཡིན། དེ་བས་མཐུན་ཚོགས་བཙུགས་པའི་ཉིན་མོ་གསར་འགོད་པའི་དུས་ཆེན་ལ་གཏན་འཁེལ་བྱས་པ་ཡང་ཧ་ཅང་རྒྱ་ཆེ་བའི་འཐུས་ཚབ་རང་བཞིན་ལྡན་པ་ཡིན།

ཀྲུང་གོའི་གསར་འགོད་པའི་དུས་ཆེན་ནི་ཀྲུང་གོ་གསར་བ་དབུ་མ་བརྙེས་ཡར་སྔོན་ནས་བཟུང་ཡོད་དེ། སྤྱི་ལོ1993ལོ་ནས1949ལོའི་ཟླ11པའི་ཚེས8་ཉིན་གསར་འགྱུར་ལས་ཞུགས་པ་ཀུན་གྱིས་བྱེད་སྒོ་རྣམ་པ་སྣ་ཚོགས་ལ་བརྟེན་ནས་དུས་ཆེན་འདི་རྗེས་དྲན་བྱེད་ཀིན་ཡོད། 

1949ལོའི་ཟླ12པའི་ཚེས23ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་དོན་སྤྱི་ཁྱབ་ཁང༼ 政务院༽གིས་སྤེལ་བའི་༼ རྒྱལ་ཡོངས་དུས་ཆེན་དང་རྗེས་དྲན་ཉིན་མོར་གུང་གསེང་གཏོང་བའི་བྱེད་ཐབས༽ཁྲོད་དུ་གསར་འགོད་པའི་དུས་ཆེན་མངོན་གསལ་སྒོས་གཏན་འཁེལ་བྱས་ཡོད་པ་རེད། འོན་ཀྱང་སྐབས་དེར་བྱེ་བྲག་གི་དུས་ཚོད་གཏན་འཁེལ་བྱས་མེད་སྟབས་ཀྲུང་གོའི་གསར་འགྱུར་ལས་ཞུགས་པ་ཀུན་གྱིས་དུས་ཆེན་ལ་རོལ་མ་མྱོང་བ་རེད།  1999ལོའི་ཟླ9ཚེས18ཉིན་སྤེལ་བའི་ ༼ རྒྱལ་ཡོངས་དུས་ཆེན་དང་རྗེས་དྲན་ཉིན་མོར་གུང་གསེང་གཏོང་བའི་བྱེད་ཐབས༽ཁྲོད་དུ་ཡང་བསྐྱར་གསར་འགོད་པའི་དུས་ཆེན་ཚུད་དུ་བཅུག་ཅིང་། 2000ལོའི་ཟླ8པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱི་རེ་ཞུ་ལྟར་ལོ་རེའི་ཟླ11པའི་ཚེས8ནི་གསར་འགོད་པའི་དུས་ཆེན་ལ་གཏན་འཁེལ་བྱས། འདི་ནི་གསར་འགོད་པའི་མཐུན་ཚོགས་བཙུགས་པའི་ཉིན་མོ་ཡང་ཡིན་ཏེ། 1937ལོའི་ཟླ11པའི་ཚེས8ཉིན་ཧྥན་ཁྲང་ཅང་འགོ་གཙོ་ཡིན་པའི་ཙའོ་ཡུས་གསར་འགྱུར་ལས་ཞུགས་པ་རྣམས་ཀྱིས་ཧྲང་ཧའེ་རུ་ཀྲུང་གོའི་ན་གཞོན་གསར་འགྱུར་མཐུན་ཚོགས་བཙུགས་ཤིང་འདི་ནི་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱི་རྨང་རྡོ་ལྟ་བུ་རེད།

དུས་རབས་ཉི་ཤུ་བའི་ལོ་རབས་སུམ་ཅུ་བའི་འགོར། གོ་མིན་ཏང་གིས་དབང་སྒྱུར་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་ཕྱིར་དུ། བདེན་ལུགས་སྐྱོང་བཞིན་པའི་གསར་འགྱུར་ལས་ཞུགས་པ་རྣམས་འཛིན་བཟུང་དང་བཀག་ཉར། ཐ་ན་གསོད་གཏུབ་སོགས་གདུག་རྩུབ་གྱི་ལས་མང་པོ་བྱས་པ་རེད། 1933ལོའི་ཟླ1པོར་ཅང་སུའུ་ཅང་ཀྲིན་གྱི་༼ གཙང་སྒྲ་ཚགས་པར༽གྱི་གཙོ་སྐྱོང་བ་ལུག་ཡུས་ཧྲིན་ཅང་སུའུ་ཞིང་ཆེན་དམངས་སྲིད་ཐུན་གྱི་ཐུན་ཀྲང་ཀྲའོ་ཆུས་ཀྱིས་གུང་ཁྲན་དྲིལ་སྒྲོག་གི་ཉེས་མིང་བཀལ་ནས་སྲོག་ཁྲིམས་བཅད་ཅིང་། ཧྲང་ཧའེ་ཡི་༼ ཧྲིན་པའོ་ཚགས་པར༽གྱིས་གནས་ཚུལ་འདི་བཀོད་པ་ལ་བརྟེན་ནས་ལས་རིགས་གཅིག་པ་ཀུན་གྱིས་གདེང་འཇོག་ཐོབ་ཅིང་དཔྱད་གླེང་མང་པོ་བྱས་པས། གསར་འགྱུར་ལས་རིགས་སུ་གཏམ་བདེན་པར་སྨྲ་བ་དང་མི་དབང་ཁག་ཐེག་བྱེད་དགོས་པའི་འདོད་འདུན་དྲག་པོ་བཏོན། མི་དམངས་ཀྱི་གླེང་ཕྱོགས་ཇེ་གཉོམ་དུ་གཏོང་ཕྱིར་ནན་ཅིན་གོ་མིན་སྲིད་གཞུང་གིས1933ལོའི་ཟླ9པའི་ཚེས1ཉིན་གསར་འགྱུར་ལས་ཞུགས་པ་སྲུང་སྐྱོབ་བྱེད་དགོས་པའི་བཀའ་རྒྱ་མི་བསྒྲགས་ཐབས་མེད་དུ་གྱུར།1934ལོའི་ཟླ8པར་ཧང་ཀྲིག་གསར་འགོད་པ་གཞུང་ཚོགས་ཀྱིས་གསར་འགྱུར་ལས་རིགས་ཀྱི་སྡེ་ལ་གློག་འཕྲིན་བཏང་སྟེ། ཟླ9བའི་ཚེས1ནི་གསར་འགོད་པའི་དུས་ཆེན་ལ་གཏན་འཁེལ་བྱ་རྒྱུའི་གྲོས་གཞི་བཏོན་པར་ས་གནས་མང་པོ་ཞིག་གིས་ཁས་ལེན་དང་གདེང་འཇོག་བྱས། 1935ལོར་ཟླ9པའི་ཚེས1ཉིན་གྱི་གསར་འགོད་པའི་དུས་ཆེན་ལ་རྒྱལ་ཡོངས་ཀྱི་ཁས་ལེན་གནང་ཞིང་ཐེན་ཅིན་གྱི་༼ ཏ་ཀོང་ཚགས་པར༽ གྱིས་འདིའི་ཆེད་དུ་དཔྱད་བརྗོད་སྤེལ་ཏེ་སྲིད་གཞུང་གིས་བཅིངས་འགྲོལ་གཏོང་རྒྱུའི་བསམ་ཚུལ་བཏོན།

1938ལོར་ཀྲུང་གོའི་ན་གཞོན་གསར་འགྱུར་གསར་འགོད་པའི་སློབ་ཚོགས་ཧན་ཁུག་ཏུ་དབུ་བརྙེས་ཤིང་ལོ་དེའི་ཟླ9བའི་ཚེས1ཉིན་ཧན་ཁུག་གི་ཕུའུ་ཧའེ་ཁྲོན་གསོལ་ཁང་དུ་གསར་འགོད་པའི་དུས་ཆེན་གྱི་བྱ་འགུལ་རྒྱ་ཆེན་ཞིག་སྤེལ་ཞིང་དེའི་སྟེང་དུ། ཀྲུང་གོར་ཡོང་བའི་རྒྱལ་ཁབ་སོ་སོའི་གསར་འགྱུར་ལས་རིགས་དང་སྐབས་དེར་ཧན་ཁུག་ཏུ་སྤེལ་བའི་ཚགས་པར་སོ་སོ། འཐབ་ཁུལ་སོ་སོ་ན་ཡོད་པའི་གསར་འགོད་པ། དེ་མིན་གྱི་ཕྱོགས་སོ་སོ་ནས་ཡོང་བའི་གསར་འགྱུར་ལས་རིགས་གཅིག་པ་ཡོངས་ལ་གུས་འདུད་དང་བཀའ་དྲིན་ཞུས་པ་མ་ཟད། རྒྱལ་ཡོངས་ཀྱི་གསར་འགྱུར་ལས་ཞུགས་པ་ཡོངས་ལ་འཇར་འགོག་རྒྱལ་འཛུགས་ཀྱི་དར་ཆའི་འོག་ནས་མཐུན་སྒྲིལ་བརྟན་པོ་དང་བློ་སྤོབས་ལྡན་པའི་སྒོ་ནས་མདུན་དུ་བསྐྱོད་རྒྱུའི་འབོད་སྐུལ་བཏང་། སྐབས་དེར་བློ་མཐུན་ཧྥན་ཁྲང་ཅང་དང་ཐ་སི་ཚགས་པར་ཁང་གི་ལའོ་ཀའོ་ཧྥུའུ། ཧྥ་རན་སིའི་༼ མི་ཆོས་ཚགས་པར༽གྱི་ལིས་མུན་སོགས་ཀྱིས་གཏམ་བཤད་སྤེལ་བས། འདི་ནི་ཀྲུང་གོའི་གསར་འགྱུར་ལོ་རྒྱུས་སྟེང་གི་གཟབ་ཅིང་རྒྱས་པའི་གསར་འགོད་པའི་དུས་ཆེན་ཞིག་ཡིན།  དུས་དེ་ནས་བཟུང་ཀྲུང་གོ་ན་གཞོན་གསར་འགྱུར་གསར་འགོད་པའི་སློབ་ཚོགས་ཀྱི་ཡན་ལག་ཚོགས་པ་སོ་སོས་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་དང་འཇར་འགོག་གནས་གཞི་ས་ཁུལ་ཡན་ཨན་ལྟ་བུ་དང་། ཤང་ཀང་གི་གསར་འགྱུར་ལས་རིགས་གཅིག་པ་སོགས་ཀྱིས་ཀྱང་དགུ་གཅིག་གསར་འགོད་པའི་དུས་ཆེན་ལ་རོལ་ཞིང་བྱ་འགུལ་གང་མང་སྤེལ།

ད་ལོ་ནི་རང་རྒྱལ་གྱི་གསར་འགོད་པའི་དུས་ཆེན་ཐེངས་ཉི་ཤུ་བ་ཡིན་ཞིང་། 2015ལོའི་ལོ་མཇུག་ཏུ་བསྡོམས་རྩིས་བྱས་པ་ལྟར་ན། རང་རྒྱལ་དུ་གསར་འགོད་པའི་དཔང་ཡིག་ཡོད་པའི་གསར་འགོད་པ208126ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།