མཚོ་སྔོན་གྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་པ།

ཟླ11པའི་ཚེས5ཉིན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ཧྲང་ཧེའི་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས། འབྲི་ཆུའི་འགོ་ཁུངས་ནས་ཐོན་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་པ་ཧོང་ཕུའུ་གཙང་འགྲམ་དུ་བདེ་བླག་ངང་འབྱོར་ནས། ཐེངས་འདིའི་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཚོང་དོན་ཚོགས་ཆེན་ནང་ཞུགས་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ལ་མངོན་གསལ་དོད་པའི་ཁྱད་ཆོས་གསུམ་ཡོད་སྟེ། གཅིག་ནི་གཞི་ཁྱོན་སྔར་བས་ཆེ་བ་དང་ཡིད་དབང་འཕྲོག་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། གཉིས་ནི་སྤུས་ཚད་སྔར་བས་མཐོ་བ་དང་ཕན་འབྲས་སྔར་བས་ཆེ་རུ་ཕྱིན་ཡོད། གསུམ་ནི་བྱེད་སྒོ་སྔར་བས་ཕུན་སུམ་ཚོགས་པ་དང་ཕྱོགས་བསྡུས་ཕན་འབྲས་སྔར་བས་ཆེ་རུ་ཕྱིན་ཡོད། རྒྱལ་ཁབ་དང་ས་ཁུལ150ལྷག་གི་ཁེ་ལས3000ལྷག་ཙམ་དང་ཆེད་ལས་ཉོ་སྒྲུབ་ཚོང་པ་ཁྲི50ཙམ་ཧྲང་ཧའེ་རུ་ལྷན་འཛོམས་བྱུང་། 

2018ལོར་མཚོ་སྔོན་ཞིང་ཆེན་གྱིས་ཚོགས་པ་རྩ་འཛུགས་བྱས་ནས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོར་ཞུགས་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཤིང་། ད་ལོར་ཞིང་ཆེན་ཚོང་དོན་ཐིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་། འབྲེལ་ཡོད་སྡེ་ཚན་གྱི་སྣེ་ཁྲིད་དེ་མུ་མཐུད་དུ་མཚོ་སྔོན་གྱི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་པའི་རྩ་འཛུགས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཚོང་དོན་དང་། སློབ་གསོ། ཚན་རྩལ། བཟོ་ལས། ཞིང་འབྲོག  འཕྲོད་བསྟེན་བཅས་ཉོ་ཚོང་ཡན་ལག་ཚོགས་པ6བཙུགས་ཏེ་ལས་རིགས་ཁག་ཏུ་དྲིལ་བསྒྲགས་རྒྱ་ཁྱབ་དང་གྲུབ་འབྲས་སྨིན་པའི་ཚོང་འགུགས་བྱས་པ་རེད། མཐར་ཁེ་ལས་སྒྲིག་གཞི་དང་མི་སྣའི་གྲངས་འབོར་ཕྱོགས་གང་ཐད་ནས་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་ལས་སོ་སོར65.8%དང་53%གྱིས་འཕར་ཡོད་པ་དང་། ཁེ་ལས་ནང་ཞུགས་པའི་གྲངས་འབོར་སྔར་བས་མང་ལ། སྤུས་ཚད་སྔར་བས་ལེགས་ཤིང་། སྒྲིག་གཞི་སྔར་བས་ལུགས་མཐུན་བཅས་ཡིན་པས་གཞི་རྩའི་ཆ་ནས་ཉོ་སྒྲུབ་ཀྱི་འདོད་འདུན་འཕེལ་བའི་ཁེ་ལས་དང་སྒྲིག་གཞི་སྣ་ཚོགས་ལ་ཁྱབ་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།